ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག》བཀྲམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག》བཀྲམ་པ་མ་ཟད། 《སྲོལ་ཡིག》གི་ནང་དོན་བརྡ་ཁྱབ་ཀྱང་བཏང་བ་རེད།

སྲོལ་ཡིག་ལ་ཁྱོན་ས་བཅད་དྲུག་དང་དོན་ཚན་ཞེ་གསུམ་ཡོད་ཅིང་། ས་བཅད་དང་པོ་ནི་སྤྱིའི་རྩ་འཛིན་དང་། སྲོལ་ཡིག་བཟོ་བའི་དམིགས་ཡུལ་དང་དོན་སྙིང་། བཅའ་ཁྲིམས་ཀྱི་གཞི་འཛིན་ས། སྤྱོད་སའི་ཁྱབ་ཁོངས། སྤྱིའི་རྩ་དོན། དོ་དམ་སྒྲིག་གཞི། འགན་ནུས་འགན་འཁྲི་སོགས་ཡིན་པ་དང་། ས་བཅད་གཉིས་པ་ནི་གྲོང་ཚོའི་འཆར་འགོད་ཡིན་ཞིང་། ནང་དོན་གཙོ་བོ་ནི་གྲོང་ཚོའི་འཆར་འགོད་བཟོ་བའི་རྩ་དོན་དང་། ཞིབ་ཕྲའི་ནང་དོན། སྙན་སེང་བཀའ་འཁྲོལ་ཞུ་བའི་གོ་རིམ་སོགས་ཡིན་པ། ས་བཅད་གསུམ་པ་ནི་གྲོང་ཚོ་འཛུགས་སྐྲུན་ཡིན་ཞིང་། ནང་དོན་གཙོ་བོ་ནི་གྲོང་ཚོ་འཛུགས་སྐྲུན་གྱི་རྩ་དོན་དང་། ཞིང་འབྲོག་པའི་སྡོད་ཁང་གསར་དུ་སྐྲུན་པའི་འདུན་ཞུ། ཞིང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་འཆར་འགོད་ཀྱི་བླང་བྱ་སོགས་ཡིན་པ། ས་བཅད་བཞི་པ་ནི་གྲོང་ཚོའི་དོ་དམ་ཡིན་ཞིང་། ནང་དོན་གཙོ་བོ་ནི་གྲོང་ཚོའི་དོ་དམ་གྱི་གཙོ་གནད་དང་། འགན་འཁྲི། ཞིབ་ཕྲའི་ནང་དོན་སོགས་ཡིན་པ། ས་བཅད་ལྔ་པ་ནི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡིན་ཞིང་། ནང་དོན་གཙོ་བོ་ནི་སྲོལ་ཡིག་ལས་འགལ་བའི་བྱེད་སྤྱོད་ལ་འགན་འཁྲི་རྩད་གཅོད་དང་ཆད་པ་གཅོད་པའི་གཏན་འབེབས་ཡིན་པ། ས་བཅད་དྲུག་པ་ནི་ཞར་བྱུང་ཡིན་ཞིང་། ནང་དོན་གཙོ་བོ་ནི་སྲོལ་ཡིག་ལག་ལེན་བསྟར་བའི་དུས་ཚོད་ཁ་གསལ་བསྟན་པ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།