ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“ལག་གདང་སྦྲེལ་ནས་གཅེས་སེམས་འཆང་། མཉམ་དུ་འབྱུང་འགྱུར་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དགེ་རྒན་གྱི་འཐུས་མི་དང་། ཁྱིམ་བདག་གི་འཐུས་མི། སློབ་མའི་འཐུས་མི་བཅས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་ལྟ་སྐོར་བཞུགས་མོལ་ལ་གདན་དྲངས་ནས་ས་ཆ་དེ་རང་དུ“ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ཞིབ་དཔྱོད”ལས་ཀར་ཉམས་ལེན་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ལས་བྱེད་ཉེན་རྟོག་པ་ཚོས་གསོན་ཉམས་དོད་ལ་དགོད་བྲོ་བ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་མ་ཚོའི་དྲི་བར་ལན་བཏབ་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འགན་ནུས་ངོ་སྤྲོད་དང་ཞིབ་དཔྱོད་ལས་དོན་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། སློབ་མ་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་ཀྱང་བཏང་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། ལས་བྱེད་ཉེན་རྟོག་པ་ཚོས་ད་དུང་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་དང་། ཆེད་དོན་སློབ་གསོའི་གློག་བརྙན་ལྟ་བ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་གྲྭའི་བརྙས་བཅོས་དང་དེ་འབྲེལ་གྱི་བཅའ་ཁྲིམས་ཤེས་བྱ་འཁྲིད་པས་སློབ་མ་ཚོའི་བཅའ་ཁྲིམས་འདུ་ཤེས་དང་རང་སྲུང་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།