ལྷོ་ཁ་གྲོང་ཁྱེར་གྱི་རྫོང་བཅུ་གཉིས་ཡོངས་སུ་དབུལ་ཐར་བྱས་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས30ཉིན། གསར་འགོད་པས་བོད་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་པའི་ལོ60རིང་གི་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བརྟན་རླིང་ཁྲོད་ཡར་རྒྱས་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་དེ། 2018ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར164.32ལེགས་འགྲུབ་བྱས་པ་དང་། དེ1990ལོའི་ལྡབ59.1ཡིན། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར18.88ལ་སླེབས་པ་དང་། 1959ལོའི་ལྡབ2805ཡིན། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར31315ཡིན་ཏེ། དེ་ནི2006ལོའི་ལྡབ3.5ཡིན། རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར12497ལ་སླེབས་ཡོད་དེ། དེ་ནི1975ལོ་ཡི་ལྡབ116ཡིན་པ་རེད།  

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་མའོ་ཡུང་ཝིན་གྱིས་བཤད་རྒྱུར། ལོ་ངོ60ཡི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་འཁུར་ཟབ་མོའི་འོག རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཧུའུ་ནན་དང་། ཧུའུ་པེ། ཨན་ཧེ། ཀྲུང་ལིའང་སྡེ་ཚོགས་ཀྱི་བཅས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲོད་བརྟན་པོའི་འོག ལྷོ་ཁ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་མཐུན་སྒྲིལ་ངང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་མཛུབ་སྟོན་བྱེད་ཕྱོགས་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་བརྟན་རླིང་ལ་འགན་སྲུང་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་ཐོགས་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ། སྒོ་འབྱེད་རྒྱ་བསྐྱེད་པ་བཅས་བྱས་ཏེ། ལས་དོན་སོ་སོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་མོ་བླངས་ཡོད་ཟེར།

མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་ཤིང་། དེས་ལྷོ་ཁ་གྲོང་ཁྱེར་གྱིས་ཡུན་རིང་གི་འཕེལ་རྒྱས་དང་བརྟན་རླིང་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏང་། ཐོན་ལས་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ཅུང་སྲ་བརྟན་ཡིན་པའི“གཉིས་གསུམ་གཅིག”གི་ཐོན་ལས་གནས་བབ་ཆགས་ཡོད། གྲོང་ཁྱེར་ཡོངས་སུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས57844ཡོད་པའི་ཁྲོད་མང་ཚོགས52705དབུལ་ཐར་བྱུང་ཡོད་དེ། རྫོང་བཅུ་གཉིས་ཡོད་པ་ཡོངས་སུ་དབུལ་ཐར་བྱུང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། གྲོང་ཁྱེར་དང་རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་ཡི་མཚོ་དཔོན་ལམ་ལུགས་ཡོངས་སུ་བཙུགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མིས་བཟོས་ནགས་ཚུལ་གྱི་ཉར་ཚགས་གཞི་ཁྱོན་མུའུ་ཁྲི150ཟིན་པ་དང་། བརླན་སའི་གཞི་ཁྱོན་སྤྱི་ཆིང་ཁྲི23.92ཟིན། ནགས་ཚལ་གྱི་ཁྱབ་ཚད24.79%ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ནས་སྤྱི་ཚོགས་ལས་དོན་སོ་སོ་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་སྟེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཀྱིས་མི་རིགས་སོ་སོའི་མང་ཚོགས་ལ་དངོས་ཕན་སྐྲུན་ཡོད་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།