བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། 2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་རྗེས་དཔྱད་ཞིབ་གནས་ཚུལ་གྱི་བརྡ་ཁྱབ་དགོངས་དོན་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག མིག་སྔར་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དག་ཐེར་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བའི་དུས་མཚམས་སུ་སླེབས་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྐོར་གཟིགས་དག་ཐེར་གྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས་པ་དང་། མུ་མཐུད་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ངོས་འཛིན་སླར་ཡང་ཟབ་ཏུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སླར་ཡང་ཤུགས་སྣོན་རྒྱག་པ། དོན་འཁྱོལ་བྱེད་ཤུགས་སླར་ཡང་ཆེ་རུ་གཏོང་བ། དག་ཐེར་ཚད་གཞི་དམའ་རུ་མི་གཏོང་བ་བཅས་བྱས་ནས་སྐོར་གཟིགས་དག་ཐེར་ལས་དོན་གྱི་ལྷོད་གཡེང་བསམ་བློ་མཐའ་གཅིག་ཏུ་འགོག་དགོས། དཀའ་གནད་དང་གཙོ་གནད་ལ་དམིགས་ནས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། གཅིག་ཤེས་ཀུན་གྲོལ་ལ་ཤུགས་སྣོན་རྒྱག་པ། རིགས་ཁག་གི་དག་ཐེར་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་སོགས་ལ་འབད་བརྩོན་བྱས་ཏེ་སྐོར་གཟིགས་དག་ཐེར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། འགན་འཁྲི་དོན་འཁྱོལ་མངོན་གསལ་དོད་པོ་བྱས་ནས་འགན་འཁྲི་གཞིར་བཟུང་ལས་བགོས་ནན་པོ་བྱེད་པ་དང་། དག་ཐེར་འགན་འཁྲི་འོས་འཚམ་འཁུར་བ་དང་གོ་རིམ་ལྡན་པའི་ངང་དག་ཐེར་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་པ་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།