ལྷ་ས་གྲོང་ཁྱེར་ནས་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།   མང་ཚོགས་ལ་སྨན་བཅོས་ཐད་སྔར་བས་སྟབས་བདེ་སྐྲུན་ཆེད་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་ཞིབ་འཇུག་ཐེངས་མང་བྱས་ཏེ།  བདེ་ཐང་ལྷ་ས་འཛུགས་སྐྲུན་གྱི་དམིགས་ཚད་དང་དམ་པོར་བསྟུན་ནས་གཅིག་གྱུར་འཆར་འགོད་བྱས་ཐོག  རྫོང་དང་ཤང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་གཏོང་རྒྱུའི་བླང་བྱར་གཞིགས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་དང་ཚད་ཡོད་ཀྱི་ཐོན་ཁུངས་སྒྲིལ་བཅོས་བྱས་ཏེ་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དོ་དམ་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།

ལྷ་ས་གྲོང་ཁྱེར་ནས་རྫོང་དང་ཤང་གི་སྨན་བཅོས་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྨན་བཅོས་ཞབས་ཞུའི་ཚད་གཞི་གཅིག་འགྱུར་བཟོས་ནས།  རྫོང་ཁོངས་སུ་སྨན་བཅོས་ཚོགས་པ་དང་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་ཁོངས་ཚན་པ་ཁག་གི་སྒྲིག་སྲོལ་ལམ་ལུགས་དང་ལག་རྩལ་འཆར་འགོད་སོགས་ཐད་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་།  ཁྱིམ་ཚང་སྨན་ཁང་གི་ཁ་ཆད་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཁོངས་སུ་སྨན་བཅོས་ཚོགས་པ་དང་སྨན་བཅོས་མཉམ་འབྲེལ་ཚོགས་པར་གཅིག་འགྱུར་འཆར་འགོད་བྱས་ཐོག་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ།  རྫོང་རིམ་པའི་སྨན་ཁང་གི་ཆེད་ཚན་སྨན་པ་དང་ཤང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ།  སྤྱི་པའི་འཕྲོད་བསྟེན་སྨན་པ།  གྲོང་ཚོའི་སྨན་པ་བཅས་ཀྱི་ཁ་ཆད་ཞབས་ཞུ་བྱེད་སྟངས་ལག་བསྟར་བྱས་ཏེ་ཁྱིམ་ཚང་སྨན་པའི་ཁ་ཆད་ཞབས་ཞུའི་ལས་དོན་སྤེལ་རྒྱུ།  གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྔོན་འགོག་གཙོ་ཆེར་འཛིན་པ་དང་འགོག་བཅོས་ཟུང་འབྲེལ་བྱས་ཏེ།  སྔོན་ཁབ་རྒྱག་པ་དང་ནད་གཞི་ཚོད་འཛིན།  མ་བུ་དང་འཆར་ལྡན་བུ་བཙའ་སོགས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་རྒྱུ།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ།  གཞི་རིམ་དུ་ཁོངས་གཏོགས་ཚན་པའི་ཚད་གཞི་ཅན་གྱི་བོད་སྨན་སྨན་ཁང་བཙུགས་ཏེ་བོད་ལུགས་གསོ་རིག་གི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་བཅས་རེད།། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།