ད་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་སུ་གསར་དུ་དཔྱ་ཁྲལ་ཆགས་ཡང་སྒོར་དུང་ཕྱུར7.2151ལྷག་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  གསར་འགོད་པས་རང་སྐྱོང་ལྗོངས་ཁྲལ་དོན་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་སུ་གསར་དུ་དཔྱ་ཁྲལ་ཆགས་ཡང་སྒོར་དུང་ཕྱུར7.2151ལྷག་བཏང་ཡོད།  དཔྱ་ཁྲལ་ཉུང་བསྡུ་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་ཀྱི་ཕན་འབྲས་བོད་ལྗོངས་སུ་གང་ལེགས་ཐོན་ཡོད།

ལྗོངས་ཁྲལ་དོན་ཅུད་དཔྱ་ཁྲལ་ཉུང་བསྡུ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས།  དཔྱ་ཁྲལ་ཉུང་བསྡུ་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་ཀྱིས་རང་ལྗོངས་ཀྱི་ཁེ་ལས་ལ་ཕན་པ་ཆེན་པོ་ཐོབ་པ་མ་ཟད།  ཁྲོམ་རའི་གསོན་ཤུགས་འཕེལ་རྒྱུར་ཡང་ནུས་པ་གལ་ཆེན་ཐོན་ནས།  རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་ཀྱིས་ལས་གཏོད་ལ་སྐུལ་སྤེལ་དང་ལས་ཞུགས་བརྟན་གཏོང་ཐད་ཀྱི་ནུས་པ་འདོན་སྤེལ་དེ་བས་ཡག་པ་ཐུབ་ཡོད་ཅེས་གསུངས།

གོམ་སྟབས་རྗེས་མར།  ལྗོངས་ཁྲལ་དོན་ཅུད་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རེ་ཞུའི་རེའུ་མིག་གསར་བརྗེས་འཐུས་ཚང་བཟོ་བ་དང་བསྡུ་སྡོམ་མ་ལག་གསར་བརྗེས་རིམ་སྤོར་བྱེད་པ།  སྲིད་ཇུས་ཟུར་ཁྲིད་དང་རེ་ཞུ་ཟུར་ཁྲིད་ཚད་ལྡན་བཟོ་བ་བཅས་བྱེད་རྒྱུ་མ་ཟད།  ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འཇལ་བའི་ལས་རིགས་ལ་གཅིག་བསྡུས་ཐོག་རེ་ཞུ་བྱས་མ་ཐག་གི་ཞིབ་བཤེར་དང་བར་གྱི་བསྐྱར་ཞིབ་བྱས་ནས།  དཔྱ་ཁྲལ་ཉུང་བསྡུ་དང་གྲོན་དངུལ་གཅོག་པའི་སྲིད་ཇུས་ཀྱི་གཟིགས་སྐྱོང་ཁྲལ་འཇལ་མཁན་ཚོས་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་དང་།  སྤྱིར་བཏང་ཁྲལ་འཇལ་མཁན་གྱི་རེ་ཞུའི་གྲངས་གཞིར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས།  ཁྲལ་འཇལ་མཁན་གྱིས་རེ་ཞུ་བྱེད་ནོར་ཤོར་ཏེ་སྲིད་ཇུས་ཀྱི་གཟིགས་སྐྱོང་ལོངས་སྤྱོད་མི་ཐུབ་པ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱས་ཐོག་ཁེ་ལས་ཀྱི་ཐོབ་སྣང་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།