བོད་ལྗོངས་ཀྱིས་ཡུལ་སྐོར་གཙོ་གནད་ལས་གཞིར་སྐུལ་སྤེལ་བཏང་ནས་དབུལ་ཕོངས་མང་ཚོགས་དབུལ་གྲོལ་ཐུབ་པ་བྱ་རྒྱུ་རེད།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉེ་བའི་ལོའི་ནང་།  གྲོང་གསེབ་ཡུལ་སྐོར་དེ་དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཀྱི་གལ་ཆེའི་གཞི་རྟེན་ལ་རྩིས་ནས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཡུལ་སྐོར་ཐོན་རྫས་ཕུན་སུམས་ཚོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད།  དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  2018ལོའི་ལོ་མཇུག་བར།  བོད་ལྗོངས་སུ་གྲོང་གསེབ་ཡུལ་སྐོར་བྱེད་གནས200ལས་བརྒལ་བ་དང་།  ལོ་འཁོར་མོར་གྲོང་གསེབ་ཡུལ་སྐོར་གྱིས་འགྲུལ་པ་མི་ཐེངས་ཁྲི935ལ་སྣེ་ལེན་ཞུས་ནས་གྲོང་གསེབ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར12ཟིན་པ་དང་།  ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཡུལ་སྐོར་ལས་གཉེར་བ་ཁྲི4.7ཟིན་ཞིང་ཡུལ་སྐོར་ཐོན་ལས་ཀྱིས་དབུལ་ཕོངས་མི་འབོར་ཁྲི3.2དབུལ་གྲོལ་ཡོང་རྒྱུར་རོགས་རམ་བྱས་ཡོད།

ཡུལ་སྐོར་ཐོན་ལས་དེ་བོད་ལྗོངས་ཀྱི་ཀ་རྟེན་ཐོན་ལས་ཡིན་པའི་ངོས་ནས།  སྔ་ཕྱི་བར་གསུམ་དུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་།  ལྷག་པར་དུ་ཉེ་བའི་ལོའི་ནང་ཡུལ་སྐོར་དང་མཉམ་འདྲེས་གོང་འཕེལ་གྱི་ཐབས་ཇུས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས།  ཡུལ་སྐོར་དེ་བོད་ལུགས་གསོ་རིག་དང་སྨན་རྫས་དང་།  གྲོང་རྡལ་ཅན།  སློབ་གསོ།  རིག་གནས།  ཞིང་ལས་སོགས་དང་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་།  ཕྱོགས་ཡོངས་ནས་གྲོང་ཁྱེར་དང་གྲོང་འདབ་ཁུལ་ཟུང་འབྲེལ་བྱས་ཤིང་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་དང་།  གཞུང་ལམ་རྒྱུད།  ཁྱད་ལྡན་གྲོང་གསེབ་བཅས་སུ་ཡོད་པའི་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཡོད།

2018ལོར་བོད་ལྗོངས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཡུལ་སྐོར་གྱི་དབུལ་སྐྱོར་ལས་བྱེད་པ་དང་གྲོང་ཚོའི་གྲོང་དཔོན།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་།  གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་དུད་ཚང་།  གྲོང་གསེབ་ཡུལ་སྐོར་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་མི་གྲངས2000ཙམ་ལ་སྦྱོང་བརྡར་སྤྲད་པ་དང་།  ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ་དང་སྟོད་ལུང་བདེ་ཆེན་ཆུས་བདེ་སྐྱིད་བོད་ཁྱིམ།  ཉིང་ཁྲིའི་བྲག་ཡིབ་ཆུས་བཀྲ་ཤིས་སྒང་གྲོང་ཚོ་དང་སྨན་གླིང་རྫོང་ཟུར་གསུམ་གྲོང་ཚོ།  མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རྩ་རང་གྲོང་ཚོ་སོགས་ནི་ལྗོངས་ཕྱི་ནང་དུ་སྐད་གྲགས་ལྡན་པའི་གྲོང་གསེབ་ཡུལ་སྐོར་བྱེད་གནས་སུ་གྱུར་ཡོད།

2018ལོར་བོད་ལྗོངས་ཡུལ་སྐོར་ཁོངས་གཏོགས་ཀྱིས་མ་འཇོག་སྒོར་དུང་ཕྱུར7.72དོན་འཁྱོལ་བྱས་པ་དང་།  མ་འཇོག་སྒོར་དུང་ཕྱུར5.21ལེགས་སྒྲུབ་བྱས་པའི་ནང་ནས་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཐད་སྒོར་ཁྲི2000གཅིག་གྱུར་འཆར་འགོད་བྱས་ཏེ་བཏང་བ་དང་།  བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཐད་སྒོར་ཁྲི3357གཅིག་གྱུར་འཆར་འགོད་བྱས་ཏེ་བཏང་བ་མ་ཟད།  ཡུལ་སྐོར་གོང་འཕེལ་གྱི་ཆ་རྐྱེན་འཛོམས་པའི་སྲིད་འཛིན་གྲོང་ཚོ་མང་ཆེ་བར་སྣུམ་ནག་ལམ་དང་གློག  ཆུ།  ཐག་ཡངས་དྲ་རྒྱ།  སྐུད་མེད་དྲ་བ་བཅས་ཤར་གཏོང་ཐུབ་པ་དང་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཡང་སྒྲིག་བཀོད་གང་ལེགས་བྱས་ཡོད།

2019ལོར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཡུལ་སྐོར་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ།  མུ་མཐུད་མ་དངུལ་བསྡུ་སྒྲིག་བྱས་ནས་གྲོང་གསེབ་ཡུལ་སྐོར་གྱི་བསྒྱུར་བཟོ་གསུམ་དང་བཅོས་སྒྲིག་གཅིག  ལས་གཞི་ཆུང་བ་བརྒྱད་བཅས་ལག་བསྟར་བྱས་ནས་རིམ་བཞིན་དཔེ་སྟོན་རྣམ་གྲངས་དང་དཔེ་སྟོན་དུད་ཚང་།  དཔེ་སྟོན་གྲོང་ཚོ།  དཔེ་སྟོན་རྫོང་བཅས་གཞི་རྟེན་དུ་བྱེད་པའི་ཡུལ་སྐོར་དབུལ་སྐྱོར་གནད་འཕིགས་དཔེ་སྟོན་གྱི་གཞི་རྟེན་ཞིག་ཆགས་པ་བྱེད་རྒྱུ་དང་།  སྤུས་དག་གི་ཆུ་དང་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་རྫས་ཁག་གཅིག་གཏོད་དེ་ཚོང་འགུག་མ་འདྲེན་དང་བསྒྱུར་བཟོ་རིམ་སྤོར།  སྤུས་རྟགས་རིམ་སྤོར།  སྲིད་ཇུས་རོགས་སྐྱོར་སོགས་བྱ་ཐབས་བརྒྱུད་ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་བསྒྱུར་བཟོ་རིམ་སྤོར་བྱས་ནས།  མཐའ་འཁོར་དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་དུད་ཚང་དབུལ་གྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཐོག་མུ་མཐུད་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་།  བོད་ཁྱིམ་སྤྲོ་སྐྱིད་ཁང་།  ཁྱིམ་ཚང་མགྲོན་ཁང་བཅས་ཁག་གཅིག་སྐྱེད་བསྲིང་བྱས་ཏེ་ལམ་རྒྱུད་དང་ཉེ་འགྲམ་གྱི་དབུལ་ཕོངས་མང་ཚོགས་དབུལ་གྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།