བོད་ལྗོངས་ཀྱི་ལུས་རྩལ་པ69ཡིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བདུན་པར་གྲ་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་ལུས་རྩལ་པ69བདམས་ནས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བདུན་པའི་ནང་ཞུགས་ཡོད་པ་རེད། ཉིན་ཤས་གོང་ལུས་རྩལ་པ་ཚོས་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་དུས་ཡུན་ཟླ་བ་བཞིར་བཀག་སྡོམ་རྣམ་པའི་གཅིག་སྡུད་ཀྱི་སྦྱོང་བརྡར་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བདུན་པ(གཤམ་དུ་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བདུན་པ་ཞེས་བསྡུ་རྒྱུ)དེ2019ལོའི་ཟླ8པའི་ཚེས25ཉིན་ནས་ཟླ9པའི་ཚེས1ཉིན་བར་དུ་ཐེན་ཅིན་དུ་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུ་ཐོན་པ་དང་འགྲན་བསྡུར་གྱི་དུས་ཡུན་ཉིན8ཡིན་པ་རེད།

གཞན་ཡང་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བདུན་པར་འགྲན་བསྡུར་རྣམ་གྲངས34འཛུགས་རྒྱུ་ཡིན་པ་དང་། དེའི་ནང་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས26དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས8ཡོད། འགྲན་བསྡུར་གཙོ་བོའི་རིང་འགྲན་ཞུགས་ལུས་རྩལ་པ4700ཡས་མས་ཡོད་པའི་ཁར་ཚོགས་ཞུགས་འགོ་ཁྲིད་དང་། སྐུ་མགྲོན། འཐུས་མི་ཚོགས་པ། ལག་རྩལ་དཔོན་རིགས། སྨྱན་སྦྱོར་གསར་འགོད་པ། ལས་དོན་མི་སྣ་སོགས་བསྡོམས་པས་མི་གྲངས་ཁྲི1ལས་བརྒལ་རྒྱུ་ཡིན་པ་རེད།

དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་དེ་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ཆ་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་པའི་འབད་བརྩོན་ལྷོད་མེད་དང་། སྤྲོ་སྣང་ཡར་རྒྱས། འབད་འཐབ་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་མངོན་པའི་གར་སྟེགས་གལ་ཆེན་ཞིག་ཏུའང་འགྱུར་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།