2018ལོར་བོད་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར5ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  2018ལོར་ཕོ་བྲང་པོ་ཏཱ་ལ་དང་བསམ་ཡས་དགོན།  མངའ་རིས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་གནས་ཡུལ་རྙིང་པ།  སྤོ་བོ་རྫོང་ཁྲབ་རྨོག་ལྟེ་གནས་ཀྱི་རྫོང་ཨུད་ཐོག་ཁང་དམར་པོ་སོགས་ཚུད་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཐད་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར5བཏང་ཡོད། 

བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་ལིའུ་ཧྲེ་ཀྲུང་ནས།  རྒྱལ་ཁབ་ནས2018ལོར་རིག་དངོས་སྲུང་སྐྱོབ་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར4.59བཏང་སྟེ་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ55རུ་སྲུང་སྐྱོབ་རྣམ་གྲངས་སྤེལ་བ་དང་།  རང་སྐྱོང་ལྗོངས་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར1.18བཏང་སྟེ་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ30རུ་སྲུང་སྐྱོབ་རྣམ་གྲངས་སྤེལ་ཡོད་ཅེས་གསུངས་པ་རེད།  

ཤེས་རྟོགས་བྱས་པར་གཞིགས་ན།  གོང་གསལ་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་དེ་དག་བོད་ཀྱི་གྲོང་ཁྱེར༼ས་ཁུལ༽བདུན་ལ་ཁྱབ་ཡོད་ཅིང་ནང་དོན་ཐད་རིག་དངོས་སྲུང་སྐྱོབ་ཉམས་གསོ་དང་བདེ་སྲུང་།  མེ་ཟོན།  གྲངས་གཞི་ཆེ་མོའི་ལྟ་ཞིབ་ཚད་ལེན།  འགྲེམས་སྟོན་བེད་སྤྱོད་སོགས་ཁྱབ་ཁོངས་ཚུད་ཡོད།  ད་བར་མ་དངུལ་སྒོར་དུང་ཕྱུར4.26བེད་སྤྱོད་བྱས་ཟིན་ཞིང་རྣམ་གྲངས78བསྐྲུན་བཞིན་ཡོད་པ་དང་།  རྣམ་གྲངས23ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་ཡང་ཟིན་ཡོད། 

ལིའུ་ཧྲི་ཀྲུང་ནས་ས་གནས་ཁག་གི་རིག་དངོས་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་ཡུལ་ལུང་དེ་གའི་ཞིང་འབྲོག་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།  2018ལོར་ལྗོངས་ཡོངས་སུ་རྣམ་གྲངས་འཛུགས་སྐྲུན་ནང་ཁྱོན་ཞིང་འབྲོག་པ་མི་ཐེངས1559སྒྲིག་འཛུགས་བྱས་ཏེ་ཞུགས་སུ་བཅུག་པར་དངུལ་སྨར་གྱི་ཡོང་འབབ་སྒོར་ཁྲི་ཚོ1567.4བྱུང་ཡོད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།