ཝུའུ་དབྱིང་ཅེས་ལྷོ་ཁར་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་བུ་རིར་བརྟག་ཞིབ་གནང་ནས་རྣམ་གྲངས་འཆར་འགོད་དང་ཐོན་ལས་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་སྲིན་བུ་རི་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པ་དང་། གོང་དཀར་གནམ་ཐང་ནས་སྤྱི་ལེ20ཙམ་ཡོད་ཅིང་། དེ་ནི་རང་ལྗོངས་ཀྱིས་ས་བབ་ཧ་ཅང་མཐོ་བའི་རང་བྱུང་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་གནས་སྤོ་བཀོད་སྒྲིག་གི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། ཐོག་མའི་འཆར་གཞི་ལྟར་ན། ནག་ཆུ་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་རྫོང་བཞིའི་ཤང་བདུན་ནས་མང་ཚོགས་དུད་ཚང1600ལྷག་ཙམ་སྤོ་རྩིས་ཡོད་པ་རེད།

ཝུའུ་དབྱིང་ཅེ་དང་བཅས་པ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ཁང་པའི་དབྱིབས་ལ་གཟིགས་པ་དང་། ཐོན་ལས་འཕེལ་རྒྱས་སྐོར་གླེང་གནང་ནས་འབྲེལ་ཡོད་འཆར་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཝུའུ་དབྱིང་ཅེས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱེད་སྐབས། “གང་དུ་སྤོ་བ”དང“ཇི་ལྟར་སྤོ་བ”སོགས་ཀྱི་གནད་དོན་ལ་དམིགས་ཏེ་མི་འབོར་གཅིག་སྡུད་འོས་འཚམ་བྱེད་པའི་རྩ་དོན་གཞིར་བཟུང་། གནས་སྤོ་བཀོད་སྒྲིག་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་ཕན་ཚུན་སྐུལ་འདེད་དང་གནས་སྤོ་བཀོད་སྒྲིག་དང་ཐོན་ལས་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལེ་ལག་ཚང་བའི་སྒྲིག་ཆས་འོས་འཚམ་ངང་ཚད་བརྒལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་ཀྱི་འཆར་གཞི་ཡག་པོ་བཏིང་སྟེ་རྗེས་མཐུད་ལས་དོན་ལ་བར་མཐོངས་བཞག་ནས་གནས་སྤོས་མང་ཚོགས་ཚོས་སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་ཀྱི་སྤྱི་པའི་ཞབས་ཞུ་ལེགས་པོ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ནས་ཁང་པ་གསར་པ་དང་། གྲོང་ཁྱེར་གསར་པ། ཡུལ་ལྗོངས་གསར་པ། ཐོན་ལས་གསར་པ་བཅས་ཆགས་པར་མཉམ་དུ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་ཏེ། སྲིན་བུ་རིའི་དུས་བཀག་དང་པོའི་རྣམ་གྲངས་འདི་ལོའི་ཟླ2པའི་ཚེས20ཉིན་ལས་འགོ་བཙུགས་ཤིང་། མིག་སྔ་བར། སྤྱི་ཡོངས་ཀྱི་ལས་གྲྭའི་འཕེལ་རིམ21%ཙམ་ལེགས་གྲུབ་ཟིན་པ་དང་། དམངས་ཀྱི་སྡོད་ཁང་སྟར་པ351གི་ཁྱིམ་དུད857གྱི་རྩིག་རྨང་བཏིང་ཟིན་ཡོད། ཝུའུ་དབྱིང་ཅེ་དང་བཅས་པས་བཀོད་སྒྲིག་སྡོད་ཁང་དུ་བསྐྱོད་དེ་ཁང་པའི་དབྱིབས་དང་འཛུགས་སྐྲུན་སྤུས་ཚད་ལ་ནན་ཏན་ངང་གཟིགས་པ་རེད། ཨར་ལས་བྱ་ཡུལ་དུ་ཞིང་འབྲོག་པ་མི་ཉུང་བ་ཞིག་གླ་པ་རྒྱུག་བཞིན་ཡོད་པ་མཁྱེན་འཕྲལ། ཝུའུ་དབྱིང་ཅེས་ཁོང་ཚོའི་འགྲམ་དུ་ཕེབས་ནས་ཁོང་ཚོའི་ཡོང་འབབ་དང་ལས་ཀའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་རེད།

“ལག་རྩལ་ལོ་ག་ཚོད་སྦྱངས་པ་ཡིན་ནམ” “ད་ལྟ་ཟླ་རེར་གླ་ཆ་ག་ཚོད་འདུག་གམ”ཞེས་སྣ་དཀར་རྩེ་རྫོང་ནས་ཡིན་པའི་ཞལ་དཔོན་སྐལ་བཟང་ལ་ཝུའུ་དབྱིང་ཅེས་བཀའ་འདྲི་གནང་སྐབས། སྐལ་བཟང་གིས་ང་རང་ཞལ་ལ་བཏང་ནས་ལོ4ཕྱིན་སོང་། ཉིན་གླ་སྒོར340ཡོད་པ་ཉིན་དེ་རང་ལ་སྤྲོད་ཀྱི་ཡོད་ཅེས་བཤད། ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་རང་གི་རྩལ་ནུས་ལ་བརྟེན་ནས་དཀའ་སྤྱད་ཕྱུག་འགྱུར་བྱས་པར་བསྔགས་བརྗོད་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་པ་དེ་བས་མང་བས་ཕྱིར་གླ་པར་བསྐྱོད་ནས་ཡོང་འབབ་གསོག་པར་ཆ་རྐྱེན་བསྐྲུན་དགོས་པ་དང་། ཞིང་འབྲོག་པར་གཅེས་སྐྱོང་བྱས་ནས་ཁོང་ཚོར་གླ་ཆ་གྲངས་ཚང་སྤྲད་དེ་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་པ་དང་དབུལ་སྐྱོར་གསར་སྤེལ་དང་། གྲོང་གསེབ་དར་རྒྱས། མཐའ་སྐྱོང་བོད་བརྟན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྤྱིའི་དམ་འཛིན་བྱ་གཞིར་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ལྟེ་བའི་དམིགས་ཚད་ལ་བརྩི་བ། “བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་འཁྱེར་སོ་དང“བྱས་རྗེས་འཇོག་པར་ང་ཡིས་འབད”པའི་འགན་འཁྲི་འཁུར་སེམས་བཅངས་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་མི་རིགས་ཁག་གི་མང་ཚོགས་ཚོས་ཚོར་བ་བྱེད་དགོས་པ་དང་། ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་སྐུལ་ཁྲིད། ཡོང་འབབ་མཐོར་གཏོང་བཅས་བྱས་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ཞིང་འབྲོག་མང་ཚོགས་སྤོ་ཐུབ་པ་དང་། གཞིས་ཆགས་པ། ཕྱུག་པོ་ཆགས་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མ་གནས་ཞིབ་རྩིས་ཡག་པོ་རྒྱག་པ། མ་འཇོག་གི་ཕན་འབྲས་ལ་སྣང་ཆེན་བཅས་བྱས་ཏེ་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་རིགས་པས་ཁུངས་སྐྱེལ་དང་ཚོད་སྐོར་ལས་དོན་ཡག་པོ་སྒྲུབ་པ་དང་། ས་གནས་དེ་གའི་ལྗོངས་བབ་ཀྱི་ཆ་རྐྱེན་དང་། གནམ་གཤིས་ཀྱི་ཁྱད་ཆོས། ཐོན་ཁུངས་ཀྱི་ལེགས་ཆ་སོགས་ལ་ཡག་པོ་བརྟེན་པ། གང་ཞིག་འདེབས་པར་འཚམས་ན་དེ་འདེབས་པ་དང་གང་ཞིག་གསོ་བར་འཚམས་ན་དེ་གསོས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་དགོས། ནགས་ཚལ་རྩྭ་ཐང་དང་། ཞིང་འབྲོག ཚན་རྩལ་སོགས་འབྲེལ་ཡོད་སྡེ་ཚན་ཁག་གིས་མ་དངུལ་དང་ཚན་ཞིབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཞིང་འབྲོག་ཚན་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་ཆུང་བའི་ཚོད་ལྟ་དང་གཞི་ཁྱོན་ཆེ་བའི་ཁྱབ་གདལ་ལ་གཅིག་འདོམས་ལྟ་རྟོག་བྱེད་པ། ལེ་ལག་ཚང་བའི་ཐོན་ལས་སྤུས་ཚད་མཐོ་བ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་ཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་འཛུགས་སྐྲུན་དང་མང་ཚོགས་ཀྱི་འབབ་འཕར་ཟུང་འབྲེལ་ནུས་ལྡན་དང་། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད། བྱེ་འགོག་བྱེ་བཅོས་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། གནས་སྤོའི་ས་ཚིགས་ཀྱི་ཁང་པའི་རྒྱབ་མདུན་གྱི་ཤིང་འཛུགས་ལས་དོན་ལ་དམ་འཛིན་ཡག་པོ། མང་ཚོགས་ཚོ་ནགས་བཟོ་སྔོ་འགྱུར་ནང་ཞུགས་ནས་ཡོང་འབབ་མང་དུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ་མཐའ་འཁོར་གྱི་རི་བོ་དེ་བས་སྔོ་བ་དང་ཆུ་མོ་དེ་བས་དྭངས་བ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་དང་བཅས་པས་གོང་དཀར་གནམ་ཐང་མཁའ་འགྲུལ་ས་ཚིགས་ཁུལ་གྱི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕེབས་ནས་ལས་གྲྭའི་འཕེལ་རིམ་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།