ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱེད་པ་དང་ལས་དོན་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། བསམ་ཕྱོགས་གསལ་བཟོ་བཅས་ཀྱི་སྒོ་ནས་གོམ་སྟབས་རྗེས་མའི་ལས་འགན་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག《ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི2019ལོའི་ལས་དོན་གཙོ་གནད》དང་། 《རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་སྒྲིག་སྲོལ》 《འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ》སོགས་ལ་ཞིབ་འཇུག་གནང་བ་རེད།

ཝུའུ་དབྱིང་ཅེས་ཚོགས་ཞུགས་མི་སྣའི་གཏམ་བཤད་ནན་ཏན་ངང་གསན་རྗེས་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་ཧ་ཅང་གལ་འགངས་ཆེ་བའི་ཕྱོགས་ཤིག་དང་རང་རེའི་ཏང་གི་མཆོག་ནོར་དང་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་འབྲེལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྙིང་རུས་ཆེན་པོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་སྔར་བས་གསལ་རྟོགས་བྱེད་པ། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་འགན་འཁྲི་ཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བ། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དར་ཆ་གསལ་སྟོན་དང་དངོས་སྒྲུབ་ཕན་ཆེ། བྱས་པའི་རྗེས་ཡོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་དེ་བས་རང་རྟོགས་ངང་བརྩི་བཀུར་ཞུ་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་སྣོན་དགོས་པ་སྟེ།

གཅིག་ནས་བསམ་བློ་གསར་པས་ཁྲིད་སྟོན་བྱས་ཏེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ལ་བརྩི་བ། འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་ཡོངས་ལ“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པ་བཅས་ཁྲོད་ལེགས་ཆ་འདོན་སྤེལ་དང་ལེགས་སྐྱེས་འབུལ་དགོས་པ་དང་།

གཉིས་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བརྟན་ལྷིང་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་ལས་རིགས་ཁག་གི་སྔོན་ཐོན་དཔེ་བཟང་ནུས་པ་འདོན་སྤེལ་བྱས་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། དར་ཆ་གསལ་སྟོན་དང་བདེན་ཡོད་སྤོབས་ཆེའི་སྒོ་ནས་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་པ།

གསུམ་ནས་ལས་དོན་གསར་གཏོད་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་རྟེན་ས་དང་། སེམས་ཁམས་ཕྱོགས་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ།

བཞི་ནས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་བརྗོད་དོན་གཙོ་བོར་བཞག་ནས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། གནད་སྨིན་རྩ་དོན་མཐའ་འཁྱོངས། “ཐོན་ལས་དང་ལས་ཞུགས་ཟུང་འབྲེལ”མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱས་ནས་དམངས་གཉེར་ཁེ་ལས་ཀྱིས་ནས་དང་། འབྲི་གཡག ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ནས་མང་ཚོགས་དེ་བས་མང་པོ་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱེད་པ་དང་། ས་གནས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རོགས་རམ་བྱས་ཏེ་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཁོང་ཚོས“ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན”དངོས་འབྲེལ་ཤེས་རྒྱུར་ཁྲིད་སྟོན་བྱས་ནས་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁུག་གསང་སྟོང་གསུམ་མི་ལུས་པའི་འགན་ལེན་བཅས་བྱེད་དགོས་པ།

ལྔ་ནས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། གྲྭ་བཙུན་གྱི་དོན་དངོས་དང་ཟུང་འབྲེལ། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་གྲྭ་བཙུན་ཚོས་རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་འོས་འགན་སྒྲུབ་པ་དང་སྤྱི་ཚོགས་ཆེད་འགན་འཁྲི་ཁུར་དགོས་པ་གསལ་རྟོགས་ཐུབ་པ་བྱེད་དགོས་པ།

དྲུག་ནས་དགོན་སྡོད་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། དགོན་སྡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགོན་སྡོད་ལས་བྱེད་པར་ཐུགས་ཁུར་དང་དགའ་གཅེས། འདེམས་སྤྱོད་ལས་དོན་ལ་ཤུགས་སྣོན། སྤེལ་རེས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁོང་ཚོའི་ཕུགས་བསམ་དང་དད་སེམས་དེ་བས་བརྟན་པོ་དང་། ཏང་གཤིས་བློ་སྦྱོང་ཟམ་མི་ཆད་པར་མཐོ་རུ་འགྲོ་བ། འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བ། འགན་འཁྲི་ཁུར་སེམས་དེ་བས་རང་རྟོགས་ཡོད་པ་བཅས་བྱེད་དགོས་པ།

བདུན་ནས་མངའ་ཁོངས་ཕྱིའི་བོད་རིགས་སྤུན་ཟླའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་བརྟན་པོ་དང་གཟབ་ནན་ངང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཇུག་ཏུ་ཝུའུ་དབྱིང་ཅེས་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགན་འཁྲི་ཁ་གསལ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་ཐད་ཇུས་འདོན་དང་། སྒྲིག་འཛུགས་མཐུན་སྦྱོར། ལག་བསྟར་ཞིབ་ཕྲ། ཞིབ་བཤེར་ལ་ལྟ་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།