《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་ཟློས་གར་ཆེན་མོའི་ལེ་ཚན་བདུན་པ་ཚེས20ཉིན་གསར་དུ་སྟོན་རྒྱུ་རེད།

W020190416567475878798.png

《རྒྱ་བཟའ་ཀོང་ཇོ》ཞེས་པའི་ཟློས་གར་གྱི་ནང་སྦྱོང་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་རྩོམ་ཟློས་གར་ཆེན་པོའི་འཁྲབ་སྟོན་རུ་ཁག་ལས་རྒྱུས་ལོན་བྱས་པ་ལྟར་ན། ཟློས་གར་འདིའི་འཁྲབ་སྟོན་གྱི་ལེ་ཚན་བདུན་པའི་ནང་སྦྱོང་ལས་ཀ་བྲེལ་མྱུར་ངང་སྤེལ་བཞིན་ཡོད་པ་དང་། ཟླ4པའི་ཚེས20ཉིན་ལེ་ཚན་བདུན་པའི་འཁྲབ་ཚན་གསར་པ་ཕྱིར་སྟོན་རྒྱུ་རེད།

2019ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་ལོ་དེ་ཡིན་ལ། ལོ་ངོ་དྲུག་ཅུའི་ལོ་རྒྱུས་ཀྱི་དུས་ཡུན་ནི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཐོད་བརྒལ་བྱུང་བའི་ལོ་རྒྱུས་ཤིག་ཡིན་པར་མ་ཟད། དེ་བས་ཀྱང་རིག་གནས་ལ་དར་རྒྱས་ཆེན་པོ་བྱུང་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་ཡིན། ལོ་ངོ་དྲུག་ཅུའི་ལོ་རྒྱུས་ཀྱི་དུས་ཡུན་ནང་ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་མང་དུ་བྱུང་ཡོད་ལ། 《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་ཟློས་གར་ཆེན་པོ་ནི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་གསར་དུ་བསྐྱེད་པ་ཡིན་ལ། དེས་བོད་གསར་བའི་རིག་གནས་བྱ་གཞག་གི་ལོ་རྒྱུས་ལམ་བུའི་ཁྲོད་ངོ་མཚར་བ་དང་མཛེས་སྡུག་ངོམ་པར་བྱེད། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཡིད་དུ་འོང་བ་ཞིག་སྟེ་《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་ཟློས་གར་ཆེན་པོས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཆ་ལོན་པར་མ་ཟད། བོད་གསར་བ་སྟོན་པའི་མཚོན་རྟགས་རང་བཞིན་ཅན་གྱི་སྒེའུ་ཁུང་ལྟ་བུ་ཡིན་ལ། སྒོས་སུ་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་བྱུང་བའི་དཔང་པོ་ཡིན། 

W020190416567476012479.png

འཁྲབ་སྟོན་པས་བྲེལ་མྱུར་ངང་ནང་སྦྱོང་བྱེད་པ།

《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་ཟློས་གར་ཆེན་པོ་ལོ་ངོ་དྲུག་གི་སྐྱིད་སྡུག་ལམ་བུར་བརྒྱུད་མྱོང་བ་དེ་ནི་ལས་མི་ཡོངས་ཀྱི་འབད་བརྩོན་དང་འབྲལ་ཐབས་མེད་ལ། གསར་རྩོམ་པའི་གཅེས་སྤྲས་དང་དེ་བས་ཀྱང་ཁ་འབྲལ་ཐབས་མེད། ལེ་ཚན་བདུན་པར་རྨད་བྱུང་བརྩམས་ཆོས་འདི་ཇི་ལྟར་འཁྲབ་སྟོན་དང་རྒྱུན་སྐྱོང་བའི་སྐོར་གླེང་བའི་ཚེ། ཟློས་གར་འདིའི་འཁྲབ་ཁྲིད་གཞོན་པ་པའེ་ཅིས་བཤད་དོན། 《རྒྱ་བཟའ་ཀོང་ཇོ》ཞེས་པའི་ཟློས་གར་གསར་རྩོམ་གྱི་དུས་མགོར། ང་ཚོས་དུས་ཚོད་མང་པོ་བཀོལ་ནས་དམངས་ཁྲོད་དུ་འཚོལ་བསྡུ་ལ་ཕྱིན་པ་ཡིན། དམངས་ཁྲོད་ཀྱི་རྒྱུ་ཆ་ཆེས་རྣལ་མ་དང་གདོད་མ་དག་བསྡུ་རུབ་བྱས་ཏེ། བླང་དོར་དབྱེ་འབྱེད་བྱས་པའི་སྙིང་བཅུད་དག་《རྒྱ་བཟའ་ཀོང་ཇོ》ཞེས་པའི་ཟློས་གར་འདིའི་ནང་བཅུག དེ་བས་དེ་རིང་གི་《རྒྱ་བཟའ་ཀོང་ཇོ》ཞེས་པའི་ཟློས་གར་འདིས་བསྟན་པའི་བོད་ཀྱི་ཆ་ཡོད་དོ་ཅོག་ནི་བོད་ཀྱི་དམངས་ཁྲོད་རིག་གནས་དང་ཤུལ་བཞག་དངོས་མིན་རིག་གནས་རྣལ་མ་ཤ་སྟག་ཡིན། ད་ལོར་ཟློས་གར་འདིའི་ལེ་ཚན་བདུན་པར་སླེབས་ཡོད་ལ། ང་ཚོའི་རེ་བ་ལ་ཟློས་གར་འདི་ད་དུང་བླང་དོར་ལེགས་བཅོས་བྱེད་པར་ངེས་པར་དུ་ཆེས་ཐོག་མའི་ཕུགས་འདུན་ནས་འགོ་རྩོམ་དགོས་པ་དང་། མུ་མཐུད་ནས་བོད་ཡུལ་གྱི་རིག་གནས་གྲུབ་ཆ་ངོ་མ་ཁ་སྣོན་དང་སོར་ཆུད་ཡོང་བར་བྱེད་དགོས། ལེ་ཚན་འདིའི་འཁྲབ་ཚན་མགོ་མ་ནས་འཁྲབ་ཚན་ལྔ་པའི་བར་དུ། ཞིབ་ཕྲའི་མངོན་མཚོན་ནས་ཡུལ་ཁམས་ཆེན་པོའི་སྒྲིག་བཀོད་ཐད་ལ་ང་ཚོས་གསར་དུ་ཐེངས་གཉིས་པར་གསར་རྩོམ་དང་གོང་འཕེལ་གཏོང་རྒྱུ་ཡིན་ལ། དེ་བས་ལེ་ཚན་བདུན་པའི་འཁྲབ་སྟོན་གྱིས་གཟིགས་མོ་བ་རྣམས་ལ་ངོ་མཚར་བའི་མིག་ཤེས་ཀྱི་ལོངས་སྤྱོད་ཅིག་སྦྱིན་ངེས་པར་ང་ཚོ་ཡིད་ཆེས་ཡོད་ཅེས་བཤད།

W020190416567476127787.png

ངོ་སྤྲོད་བྱས་པ་ལྟར་ན། 2019ལོར་ཟློས་གར་འདིའི་བྱུང་རིམ་དང་རིག་གནས་ཀྱི་གྲུབ་ཆའི་ཐད་ལ་སྔར་བས་གསར་རྩོམ་དང་གོང་འཕེལ་བཏང་བ་ལས་གཞན། ཟློས་གར་ཁྲོད་ཀྱི་སྒྲིག་ཆས་ཁག་ཅིག་ལའང་ཆ་ཡོངས་ནས་གསར་འགྱུར་དང་ཚད་ཇེ་མཐོར་བཏང་ཡོད་པས། སྐབས་དེར་བོད་གྱི་རིག་གནས་སྒྱུ་རྩལ་གྱི་ལྟད་མོ་མཚར་སྡུག་ལྡན་པ་ཞིག་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བསྟར་འོང་། 

རྒྱུས་ལོན་བྱས་པ་ལྟར་ན། 2018ལོའི་བར་དུ་《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་རྩོམ་ཟློས་གར་ཆེན་པོའི་ལེ་ཚན་དྲུག་གི་འཁྲབ་སྟོན་རྫོགས་པར་གྲུབ་ཡོད་ལ་ངོ་མཚར་འབུམ་གྱིས་ཕྱུག འཁྲབ་སྟོན་དང་དེ་མིན་ཡུལ་སྐོར་སྣེ་ལེན་གྱི་གཟིགས་མོ་བ་མི་ཐེངས་ཁྲི210ལས་བརྒལ་ཡོད་པ་དང་། ཡོང་འབབ་ཁྱོན་སྡོམ་སྒོར་དུང་ཕྱུར7.7བྱུང་། 2018ལོར་འཁྲབ་སྟོན་ཐེངས187བྱས་ཏེ། ལོ་འཁོར་མོར་འཁྲབ་སྟོན་དང་ཡུལ་སྐོར་མགྲོན་པོ་ཁྱོན་སྡོམ་མི་ཐེངས་ཁྲི50སྣེ་ལེན་བྱས་ལ། ཡོང་འབབ་སྒོར་དུང་ཕྱུར1.5བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།