​བོད་ལྗོངས་སློབ་གྲྭའི་དགེ་རྒན་དཔུང་ཁག་ཁྲོད་ཆབ་སྲིད་རིག་གཞུང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བི་འཕྲིན། ཉིན་ཤས་གོང་།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་སློབ་གསོ་ཐིང་གིས་མཉམ་འབྲེལ་ཐོག  ལྗོངས་ཡོངས་ཀྱི་རིམ་ཁག་རིགས་ཁག་གི་སློབ་གྲྭའི་དགེ་རྒན་དཔུང་ཁག་ཁྲོད་ཆབ་སྲིད་རིག་གཞུང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་པ་རེད།

བརྡ་ཐོའི་ནང་བོད་ལྗོངས་ཀྱི་རིགས་ཁག་གི་སློབ་གྲྭའི་དགེ་རྒན་དཔུང་ཁག་ཁྲོད་ཆབ་སྲིད་རིག་གཞུང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ནི།  རྒྱ་ཆེའི་དགེ་རྒན་ཚོར་སློབ་གསོ་ཁྲིད་སྟོན་བྱས་ནས་མར་ཁེ་སེ་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས་འཛུགས་པ་དང་འདུ་ཤེས་བཞི་ཟབ་དུ་གཏོང་བ།  གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་བླ་མེད་འགན་འཁྲི་ལག་བསྟར་བྱས་ནས།  སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་ས་བཟུང་རྒྱུར་གལ་ཆེའི་དོན་སྙིང་ལྡན་པ་ཞིག་རེད་ཅེས་མཛུབ་སྟོན་བྱས་ཡོད། 

བརྡ་ཐོའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་རིགས་ཁག་གི་སློབ་གྲྭས་ཆབ་སྲིད་རིག་གཞུང་སློབ་སྦྱོང་བྱེད་པའི་འགན་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ།  སློབ་སྦྱོང་གི་གཙོ་གནད་གསལ་སྟོན་དང་སློབ་སྦྱོང་སྒྲིག་འཛུགས་འཐུས་ཚང་བཟོ་བ།  སློབ་སྦྱོང་ལམ་ལུགས་འཛུགས་པ།  སློབ་སྦྱོང་བྱ་ཐབས་གསར་གཏོད་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད། 

བརྡ་ཐོའི་ནང་ད་དུང་ལྗོངས་ཡོངས་ཀྱི་རིམ་ཁག་རིགས་ཁག་གི་སློབ་གྲྭས་ཆབ་སྲིད་རིག་གཞུང་སློབ་སྦྱོང་གི་ལས་དོན་མངོན་ཆེར་འཛིན་ཐོག་གལ་ཆེའི་གྲོས་རིམ་ནང་བཅུག་སྟེ།  སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སློབ་སྦྱོང་གི་བྱེད་སྒོ་ཏན་ཏིག་ནུས་ལྡན་སྤེལ་དགོས་པ་དང་།  ཆབ་སྲིད་ཀྱི་རིག་གཞུང་ཆུ་ཚད་དང་བྱང་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ལས་ཀའི་ཆུ་ཚད་དང་ལས་སྒོའི་ནུས་པ་མཐོ་རུ་ནུས་ལྡན་བཏང་སྟེ།  སློབ་སྦྱོང་དང་སློབ་ཁྲིད་གཉིས་ཀའི་ནུས་པ་དེ་བས་ཆེ་བ་ཐོན་པ་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།