ཇོ་རིའི་རི་འཛེགས་བྱེད་སྒོའི་ཁྲོད་ཐོན་པའི་གད་སྙིགས་དོ་དམ་བྱ་ཐབས་ཐད་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོའི་ཁྲོད་ཐོན་པའི་གད་སྙིགས་དོ་དམ་བྱ་ཐབས་ཐད་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ནས། རི་འཛེགས་བྱེད་སྒོའི་ཁྲོད་ཐོན་པའི་གད་སྙིགས་དོ་དམ་ལས་ཀའི་ཕུགས་ཕན་ལམ་སྲོལ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ལམ་སྲོལ་ཐོག་ནས་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོའི་ཁྲོད་ཐོན་པའི་གད་སྙིགས་ལ་དོ་དམ་བྱ་རྒྱུ་རེད།

2008ལོར་བོད་ལྗོངས་རི་འཛེགས་མཐུན་ཚོགས་དང་བོད་ལྗོངས་རི་འཛེགས་མྱུལ་དཔྱད་ཞབས་ཞུ་ཀུང་སིས་བོད་ལྗོངས་ཧི་མ་ལ་ཡའི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཙུགས་ནས། ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་ཇོ་རིའི་གད་སྙིགས་གཙང་སེལ་བྱེད་སྒོ་སྤེལ་བ་དང་། རི་འཛེགས་བྱེད་མཁན་མི་གྲངས་ཚོད་འཛིན་བྱས་ནས་ཇོ་རིའི་རི་འཛེགས་བྱེད་སྒོའི་ཁོར་ཡུག་ལ་གནོད་སྐྱོན་ཉུང་དུ་གཏོང་གང་ཐུབ་བྱས་ཡོད།

བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་ཅུད་ཀྲང་ཉི་མ་ཚེ་རིང་ནས། 2019ལོར་རི་འཛེགས་དོ་དམ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་རི་འཛེགས་བྱ་གཞག་ཚད་མཐུན་གོང་འཕེལ་གཏོང་བ། རི་འཛེགས་ཞབས་ཞུའི་ཚད་གཞི་བཟོ་བ། རི་འཛེགས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རི་འཛེགས་ཐོན་ལས་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།