གཞིས་རྩེ་མེ་འཁོར་བབས་ཚུགས་ཀྱིས“གངས་ལྷ་མེ་ཏོག་གི་དཔྱིད་གསར་སྐྱེལ་འདྲེན་གྱི་དང་བླངས་ཞབས་ཞུའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་འགྲུལ་པར“བདེ་འཇགས་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན་དང་། གོ་རིམ་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན། དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན་བཅས་བྱས་ནས་དེ་བས་སྐྱིད་སྣང་དོད་པའི”འགྲུལ་བཞུད་ཀྱི་ཁོར་ཡུག་ཅིག་བཏོད་ཆེད། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་མེ་འཁོར་ཞབས་ཞུ་དུམ་བུའི་སྡེ་ཚོགས་ཨུ་ལྷན་གྱིས་གཞིས་རྩེ་བབས་ཚུགས་སུ“གངས་ལྷ་མེ་ཏོག་གི་དཔྱིད་གསར་སྐྱེལ་འདྲེན་གྱི་དང་བླངས་ཞབས་ཞུའི”བྱེད་སྒོ་སྤེལ་འགོ་ཚུགས་ནས་འགྲུལ་པ་ལྷོད་ཤིག་ཤིག་ངང་ཕ་ཡུལ་དུ་ལོག་རྒྱུ་ཡོང་བ་བྱས་པ་རེད།

“ངའི་མིག་གིས་མཐོང་གི་མེད་པས་འགྲོ་སྐྱོད་ཁག་པོ་འདུག ད་རེས་ནང་མིར་ལས་ཀ་ཡོད་པས་མཉམ་དུ་ཡོང་ཐུབ་མ་སོང་། སྟབས་ལེགས་པ་ཞིག་ལ་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་ལམ་བར་དུ་ལྟ་རྟོགས་ཡག་པོ་བྱས་བྱུང”ཞེས་འགྲུལ་པ་ལོང་བ་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད། དང་བླངས་པས“རྒས་འཁོགས་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ”བཅས་དཀའ་ངལ་ཡོད་པའི་འགྲུལ་པར་ཐོགས་མེད་བགྲོད་ལམ་ཀྱི་གཅིག་འཐུས་ཞབས་འདེགས་ཞུ་ཡི་ཡོད་པས། 

དཀའ་ངལ་ཡོད་པའི་འགྲུལ་པ་སྔོན་མངགས་བྱས་ན་དང་བླངས་པས་སྔ་སྣུར་དུ་རྐུབ་སྟེགས་འཁོར་ལོ་ཅན་བཏང་ནས་རླངས་འཁོར་བབས་ཚུགས་སུ་བསུ་བར་འགྲོ་བ་དང་། རླངས་འཁོར་བབས་ཚུགས་དང་། བདེ་འཇགས་ཞིབ་བཤེར་ས་ཚིགས། བབས་ཚུགས་སུ་སྤ་སེར་ཞིབ་བཤེར་སོགས་ཚང་མ་བྱེད་རོགས་བྱེད་པ་མ་ཟད། འགྲུལ་སྐྱེལ་རླངས་འཁོར་དང་དེ་བཞིན་རླངས་འཁོར་བབས་ཚུགས་ལ་འབྲེལ་བ་བྱས་ནས་སྤུས་ལེགས་ཞབས་འདེགས་ཞུ་གི་ཡོད།

ད་དུང་དང་བླངས་པས་མེ་འཁོར་སྒུག་ཁང་དུ་འགྲུལ་པར་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་སྤྲོད་པ་དང་། འགྲུལ་པར་ཇ་མངར་མོ་སྟེར་བ། ཀི་ཐར་དཀྲོལ་ནས་གཞས་གཏོང་བ། འགྲུལ་པ་དང་མཉམ་དུ་སྒོར་གཞས་འཁྲབ་པ་སོགས་བྱས་ནས་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་སྦྲགས་ཁོང་ཚོར་སྤྲོ་སྣང་ཚད་མེད་སྦྱིན་ཡོད།

གངས་ལྷ་མེ་ཏོག་དང་བླངས་པའི་ཞབས་ཞུ་ཚོགས་པ་2016ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་བཙུགས་པ་དང་། དེ་སྔའི“གངས་ལྷ་མེ་ཏོག་ལྔ”ནས་ད་ཆ་བབས་ཚུགས་ཀྱི་ལས་བཟོ་ཡོངས་གངས་ལྷ་མེ་ཏོག་དང་བླངས་པར་གྱུར་ཡོད། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གཞིས་རྩེ་གྲོང་ཁྱེར་སྡེ་ཚོགས་ཨུ་ལྷན་གྱིས་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་གངས་ལྷ་མེ་ཏོག་དང་བླངས་ཞབས་ཞུའི་ཚོགས་པར་ཞུགས་སུ་བཅུག་ཡོད། ཁྲུང་ཆིང་ནས་ཡིན་པའི་གླ་པ་ཀྲང་ཕུང་གིས་2019ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གཞིས་རྩེ་མེ་འཁོར་བབས་ཚུགས་ཀྱི་ཕྱོགས་གང་སར་གངས་ལྷ་མེ་ཏོག་བཞད་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།