བོད་ལྗོངས་ཀྱིས་ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་དོ་དམ་ལས་ཀར་ཤུགས་སྣོན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་དོ་དམ་བྱ་ཐབས་ཀྱི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ནས།  ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་དོ་དམ་ལས་ཀའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་སྤེལ་བཏང་སྟེ།  ལམ་ལུགས་ཐོག་ནས་ཇོ་མོ་གླང་མའི་རི་འཛེགས་གད་སྙིགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།  

2008ལོར་བོད་ལྗོངས་རི་འཛེགས་མཐུན་ཚོགས་དང་བོད་ལྗོངས་རི་འཛེགས་མྱུལ་དཔྱད་ཞབས་ཞུ་ཀུང་སིས་ཐུན་མོང་ཐོག  བོད་ལྗོངས་ཧི་མ་ལ་ཡའི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱེད་སྒོ་སྤེལ་བ་དང་།  ཁེ་ལས་ཆེད་མཁས་པ་གྲགས་ཅན་བྱེད་སྒོ་དེར་ཞུགས་པ་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག  ཇོ་མོ་གླང་མའི་གད་སྙིགས་གཙང་སེལ་བྱེད་སྒོ་སྤེལ་བ་དང་ཇོ་མོ་གླང་མར་འཛེགས་མཁན་མི་གྲངས་ཚོད་འཛིན་བྱས་ཏེ།  རི་འཛེགས་བྱེད་སྒོས་ཇོ་མོ་གླང་མའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱས་པ་རེད།  

རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་ཅུད་ཀྲང་ཉི་མ་ཚེ་རིང་གིས་སྤྱི་ལོ2006ལོར་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་རི་འཛེགས་སྲོལ་ཡིག་ནང་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱ་གསལ་བཏོན་བྱས་ཡོད་ལ།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱིས་ཀྱང་ལོ་བཅུ་གྲངས་ནང་རི་སྟེང་གི་གད་སྙིགས་གཙང་སེལ་བྱེད་སྒོ་སྒྲིག་འཛུགས་ཐེངས་མང་བྱས་པར་རྒྱལ་ཁབ་ཕྱི་ནང་གི་རི་འཛེགས་ལ་དགའ་ཞེན་ཡོད་མཁན་ཚོའི་བསྔགས་བརྗོད་ཐོབ་ཡོད་པ་དང་།  ལོ་རེའི་དཔྱིད་དུས་མ་གཏོགས་ཇོ་མོ་གླང་མར་འཛེགས་མཁན་ལ་སྣེ་ལེན་ཞབས་ཞུ་སྒྲུབ་ཀྱི་མེད་པ་དང་རི་འཛེགས་མི་གྲངས་ཀྱང300ཡས་མས་སུ་ཚོད་འཛིན་བྱེད་ཀྱི་ཡོད།  2019ལོར་རི་འཛེགས་དོ་དམ་བྱ་ཐབས་སྔར་བས་འཐུས་ཚང་བཟོས་ཏེ་རི་འཛེགས་བྱ་གཞག་ཚད་ལྡན་ངང་གོང་འཕེལ་གཏོང་རྒྱུ་དང་།  རི་འཛེགས་ཞབས་ཞུའི་ཚད་གཞི་བཟོས་ནས་རི་འཛེགས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་བྱས་ཏེ།  རི་འཛེགས་ཐོན་ལས་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།