ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་འདེམས་གཏོང་འཆར་གཞིའི་མཐུན་སྦྱོར་ཚོགས་འདུ་ཁྲེང་ཏུར་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18དང19ཉིན། ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་འདེམས་གཏོང་འཆར་གཞིའི་མཐུན་སྦྱོར་ཚོགས་འདུ་ཁྲེང་ཏུར་འཚོགས་པ་རེད།

ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཐུགས་སེམས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་ཀྱི་བོད་ཀྱི་གལ་འགངས་ཆེ་བའི་དམིགས་བསལ་རང་བཞིན་ལ་ཞིབ་འཇུག་གཏིང་ཟབ་གནང་བ་དང་ཏང་གི་བོད་སྐྱོང་མཛད་ཇུས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའུ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བླང་བྱ་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཧུར་ཐག་བྱེད་པ་དང་སྣེ་ཁྲིད་དང་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། འདེམས་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ལམ་ལུགས་ནན་དུ་གཏོང་བ། ལེ་ལག་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ལས་བྱེད་པའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། ཁ་གཏད་རོགས་སྐྱོར་ཚན་པ་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་བསྒྲུབས་ཏེ་བོད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རམ་འདེགས་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁག་དང་པོའི་ལེགས་འདེམས་རིམ་མཚུངས་ཀྱི་འདེམས་གཏོང་སྲིད་ཇུས་གཞིར་བཟུང་། བོད་སྐྱོར་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་གྱིས“སྲུང་སྐྱོང་གཉིས”ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རིང་འགན་འཁྲི་བརྟན་སྲུང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ནུས་ཤུགས་ཡོད་རྒུ་འདོན་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རིང་ལྷག་བསམ་ཟོལ་མེད་ངང་ཤུགས་རྒྱག་པ། སྨན་བཅོས་ཤེས་ལྡན་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་རིང་གནད་སྨིན་ཤུགས་འདོན། སློབ་གསོའི་ཤེས་ལྡན་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་རིང་དངོས་འཛིན་དངོས་སྒྲུབ་དང་། སྤེལ་རེས། འགྲོ་འོང་། མཉམ་འདྲེས་བཅས་བྱེད་རིང་ཟམ་པ་ལྟ་བུའི་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་པས། དུས་རབས་གསར་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་། བོད་ཀྱི་རིམ་ཁག་རྩ་འཛུགས་དང་ལས་བྱེད་དང་མང་ཚོགས་ཚོའི་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད། ཁ་གཏད་རོགས་སྐྱོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ནི་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་བབ་དང་། བོད་ཀྱི་ལྗོངས་བབ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་མཐུན་པ་ལས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་གང་ལེགས་མངོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་གང་ལེགས་མངོན་པ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་མངོན་པ། ཀྲུང་ཧྭ་མི་རིགས་ཀྱི་སོ་སྲུང་རོགས་རེས་དང་སྤུན་ཉེ་འཆམ་མཐུན་གྱི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་པ་བཅས་ལག་ལེན་ལས་ར་སྤྲོད་བྱེད་ཐུབ།

ཚོགས་འདུའི་ཐོག་ད་དུང་བོད་སྐྱོར་ལས་བྱེད་པའི་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།

ཚོགས་འདུ་འཚོག་རིང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཚན་པ། དེ་བཞིན་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་བ་དང་། ཚོགས་ཞུགས་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱིས་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ལས་དོན་སྤེལ་ཚུལ་དང་ཁག་དགུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་འདེམས་གཏོང་འཆར་གཞིའི་སྐོར་ལ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།