བོད་ལྗོངས་ཀྱིས་སྲིད་གཞུང་གི་ད་ལོའི་ལས་དོན་སྙན་སྒྲོན་ནང་བཏོན་པའི་ལས་འགན་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོ།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ་དང་།  སྐབས་བཅུ་གཅིག་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཕྲལ་མར་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཏེ།  སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ལས་འགན་ཁག་བགོས་བཀོད་སྒྲིག་དོན་འཁྱོལ་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་བསྟུན་ནས་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ།  གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ60འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་གསུངས་གནང་ཡོད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོན་ཡོན་གྱིས་སྲིད་གཞུང་གི་སྤྱི་ལོ ༢༠༡༩ ལོའི་ལས་དོན་སྙན་སྒྲོན་གྱི་ལས་འགན་དབྱེ་ཕྲལ་ཇུས་གཞི་བརྡ་ཁྱབ་བཏང་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ཅང་ཇེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་སྲིད་གཞུང་༼ སྲིད་འཛིན་ཀུང་ཧྲུའུ ༽དང་རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་དབར་ཁག་སོ་སོར་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་དང་།  རྡོ་རྗེ་ཚེ་གྲུབ།  རྒྱལ་མཚན།  ཝང་ཧའེ་ཀྲུའུ་སོགས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་མཆོག་མཆན་ཐོབ་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ན་ནིང་གི་སྲིད་གཞུང་ལས་དོན་ལ་ཁས་ལེན་གནང་བ་ཞིག་རེད་ལ།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ལྗོངས་ཡོངས་ཀྱི་མི་དམངས་ལ་དེ་བས་ཁས་ལེན་བྱས་པའི་དམ་བཅའ་ཞིག་ཀྱང་རེད།  ང་ཚོས་ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་སྤུས་ཚད་ལེགས་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཚད་འཛིན་དཔེ་བསྡུར་གྱིས་གཟེར་འདེབས་སྙིང་སྟོབས་ཐོག་ནས་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  འབབ་འཕར་ཡོང་རྒྱུའི་ཐད་ཤུགས་རྒྱག་པ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ།  ངལ་རྩོལ་ནུས་ཤུགས་སྤོར་བསྒྱུར་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་མངོན་ཆེར་འཛིན་ནས།  ཞིང་འབྲོག་མང་ཚོགས་གཙོ་ཆེའི་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་དེ་མུ་མཐུད་མངོན་གསལ་དོད་སར་བཞག་ནས་ཐབས་མང་མཉམ་བཟུང་ངང་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པ།  གཙོ་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབ་ཐོག་བསྐྲུན་ཟིན་པའི་རྣམ་གྲངས་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ།  ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ཐོག་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏང་ནས།  མཉམ་སྦྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་བྱ་རྒྱུར་སྐུལ་སྤེལ་གང་མགྱོགས་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་ཡོད། 

ཆེ་དགྲ་ལྷ་ནས་མུ་མཐུད་ཚོགས་འདུ་དང་ཡིག་ཆ་ལེགས་བསྡུས་དང་།  ལྟ་ཞིབ་ལས་ཀ་ལེགས་བཅོས་དང་ཚད་ལྡན་བཟོས་ནས་དགོས་པའི་ལས་ཀ་མི་བྱེད་པ་དང་།  ལས་འགྱངས་གཏོང་བ།  མི་དགོས་པའི་ལས་རྙོག་བཟོ་བ་བཅས་ཀྱི་སྣང་ཚུལ་ཁྱད་བསད་བྱས་ནས་སྤྱོད་ཚུལ་བཞི་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་དང་།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཐོག་དོན་གཉེར་འགན་འཁུར་གྱིས་ལས་དོན་ཁག་གི་རྣམ་པ་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།