ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་རྒྱུའི”སློབ་གསོ་ལག་ལེན་བྱེད་སྒོའི་སློབ་སྦྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

འཆར་འགོད་ཞིབ་ཚགས་དང་སྤྱི་འདོམས་སྐུལ་འདེད་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་ནུས་ལྡན་ཡོང་བའི་འགན་ལེན་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་ས་སྐྱ་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ།  ལིའུ་ཐའོ་ཡིས།

གཅིག འཆར་འགོད་ཞིབ་ཚགས་བྱས་ནས་རྨང་གཞི་བརྟན་དུ་བཏང་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་སྔ་རྗེས་སུ་ཏང་གི་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་2དང་སྐུལ་འདེད་ཚོགས་འདུ་ཐེངས་5འཚོགས་ནས། སློབ་གསོ་ལག་ལེན་བྱེད་སྒོར་ཞིབ་འཇུག་བྱས་ནས་སྐུལ་འདེད་བཏང་བ་དང་། དགོན་སྡེའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་6ལ་ཡོངས་སུ་ཁྱབ་པའི་ས་གནས་ས་ཐོག་གི་མཛུབ་ཁྲིད་བྱས་པ། ལས་བྱེད་པ་དང་དགེ་འདུན་པའི་བདག་པོའི་འདུ་ཤེས་དང་རང་འགུལ་གྱི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་བ། སློབ་གསོ་ལག་ལེན་བྱེད་སྒོར་ཏན་ཏིག་དང་། ཞིབ་ཚགས། ནན་པོ་བཅས་ཀྱི་སྒོ་ནས་ཞུགས་ཡོད། དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཚན་ཁག་གི“ཟླ་རེའི་འཆར་ཅན་ཚོགས་འདུའི”ལམ་ལུགས་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་གླེང་བ་དང་། མྱོང་ཚོར་བརྗོད་པ། ཆོད་སེམས་མཚོན་པ་བཅས་བྱས་ཡོད། དགེ་འདུན་པའི་སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། ཁག་བགོས་ནས་སློབ་སྦྱོང་དང་བགྲོ་གླེང་བྱེད་པ། “གང་གི་ཆེད་དུ་སློབ་སྦྱོང་བྱེད་དགོས་པ”བསྐྱར་བཤད་བྱས་པ། “སློབ་སྦྱོང་གང་ཞིག་བྱེད་དགོས་པ”གསལ་སྟོན་བྱས་པ། “གང་འདྲ་བྱས་ནས་སློབ་སྦྱོང་བྱེད་དགོས་པ”བསླབས་པ་མ་ཟད། ད་དུང་གྲྭ་དམངས་ལ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་ཡང་བྱས་ཡོད། “ཚད་གཞི་བཞི”དང་བསྡུར་ནས་དགོན་པའི་དགེ་འདུན་པ་ཚོའི་ཁྲོད་དུ་ཐོན་པའི་སྣང་ཚུལ་ངན་པ་བརྡ་ཁྱབ་བྱས་པ་དང་། གསལ་ཐོ་འགོད་པ་དང་། འགན་འཁྲི་ཁ་གསལ་བཟོ་བ། དུས་མཚམས་གཏན་འཁེལ་བྱེད་པ་བཅས་ཀྱིས་བྱེད་སྒོ་ཏན་ཏིག་ནུས་ལྡན་ངང་སྤེལ་བར་ལམ་རིས་གསལ་པོ་བཀོད་དེ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

གཉིས། དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ཚད་ཤིང་བཙུགས་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་སློབ་ཚན་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་གྲྭ་དམངས་ལ“རྒྱུ་མཚན་གང”དང་། “སློབ་སྦྱོང་གང་བྱེད་དགོས་པ” “གང་འདྲ་བྱས་ནས་སྒྲུབ་དགོས་པ”བཅས་གཙོ་བོར་བཟུང་ནས་བསླབས་ཏེ་བྱེད་སྒོ་ཡག་པོ་སྤེལ་ཆེད་ཚད་ཤིང་བཙུགས་པ་དང་མིག་དཔེ་བསྟན་ཡོད། བླ་མ་སྐྱེས་ཆེན་7སྒྲིག་འཛུགས་དང་གདན་དྲངས་ཤིང་། ཁོང་རྣམ་པས་སོ་སོའི་གཏམ་རྒྱུད་ཤོད་པ་དང་། ཉེ་འགྲམ་གྱི་གཏམ་རྒྱུད་ཤོད་པ། “ཚད་གཞི”གང་ཡིན་པ་དང་གང་འདྲ་བྱས་ནས“ཚད་གཞིར་སླེབས་པར་བྱེད་དགོས་པ”བརྗོད་དོན་གཙོ་བོར་དམིགས་པ་བཅས་ཀྱིས་ཁྱོན་སྒྲོག་འགྲེལ་ཐེངས་7བྱས་པ་བརྒྱུད་དགེ་འདུན་པ་ཚོར་གསོན་ཉམས་དོད་པའི་སློབ་གསོ་ཐོབ་པ་དང་སློབ་སྦྱོང་ལག་ལེན་གྱི་སེམས་ཤུགས་ཆེ་རུ་ཕྱིན་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་ཆ་སྒྲིག་སྒྲོག་འགྲེལ་གྱི་སློབ་གསོ་འགན་གཙང་འགན་འཁྲིའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་ལས་གསང་མ་ལུས་པ་དང་། ཁུག་མ་ལུས་པ། ཡན་ལག་དགོན་པ་མ་ལུས་པ་བཅས་ཀྱི“མ་ལུས་པ་གསུམ”ཐུབ་པ་བྱུང་བ་དང་། ལས་བྱེད་པར་སྦྱོང་བརྡར་ཟབ་མོ་ཐེབས་པ། ལས་བྱེད་པ་དང་དགེ་འདུན་པའི་དབར་གྱི་འབྲེལ་བ་ལེགས་སུ་ཕྱིན་པ། དོ་དམ་ཞབས་ཞུར་སྐུལ་འདེད་ཐེབས་ཡོད།

གསུམ། གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་ཕན་པ་དངོས་ཐོབ་ཐབས་བྱས་པ། དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ“རྒྱལ་གཅེས་ཆོས་གཅེས”ཀྱི་རུ་སྟར་གྲུ་བཞི་བཙུགས་ནས“འགྲོ་མགོན་ཆོས་རྒྱལ་འཕགས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི”འགོ་ཚུགས་མཛད་སྒོར་ཞུགས་པ་ལས། གྲྭ་དམངས་སྤྱི་ཚོགས་ལ་སྔར་བས་ཟབ་འཇུག་དང་། དགེ་འདུན་པའི་གཟུགས་བརྙན་ཡག་པོ་གཏོད་པ། རྒྱ་ཆེའི་དགེ་འདུན་པའི་སྤོབས་སེམས་ཆེ་རུ་ཕྱིན་པ། མཐུན་སྒྲིལ་བརྟན་ལྷིང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། དགེ་འདུན་པ་སྒྲིག་འཛུགས་བྱས་ནས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་69འཁོར་བར་རྟེན་འབྲེལ་ཞུས་ནས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཆོད་སེམས་བརྟན་པོ་གང་ལེགས་མངོན་པར་བྱས་ཡོད། “ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བྱེད་རྒྱུའི”ཡིག་གཟུགས་འགྲན་བསྡུར་དང་། གཏམ་བཤད་འགྲན་བསྡུར། མྱོང་ཚོར་ཟབ་གླེང་། དེ་བཞིན“ང་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ”ཞེས་པའི་རྩོམ་བསྡུ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་མངོན་པར་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་བླངས་ཡོད། དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ《ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱས་པ་དང་། དེ་བཞིན“སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་འགྲན་བསྡུར”གྱི་བྱེད་སྒོ་སྤེལ་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་བསམ་བློ་བརྟན་པོར་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ལམ་ལུགས་དང་ཁྲིམས་སྲོལ་གྱི་འགན་ལེན་བྱས་ཡོད། (ཉི་དོན་གྱིས་བསྒྱུར་ཅིང་ཞུས)

འོས་འགན་གཙང་སྒྲུབ་ཀྱིས་ལས་འགན་ལ་ངོ་གནོང་མི་དགོས་པར་དགོན་སྡེ་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲིས་རབ་བརྟན་དགོན་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། ཡཱ་ཡིང་གིས།    

དགོན་སྡེ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཡིན་པས། ང་ཚོས་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་མཉམ་དུ་དགོན་སྡེའི་འགོ་ཁྲིད་ཀྱི་དབང་ཆར་སྟངས་འཛིན་ཡག་པོ་བྱེད་ཐུབ་མིན་ནི་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་ཐད་ཀར་འབྲེལ་བ་ཡོད། དགོན་སྡོད་བྱས་ཚུན་ང་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཆོས་ལུགས་དང་མི་རིགས་ཀྱི་ལས་དོན་སྒྲུབ་པའི་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་ཆེ་རུ་བཏང་བ་དང་། ལྷག་བསམ་ཟོལ་མེད་ངང་གྲྭ་བཙུན་ཚོ་དང་གྲོགས་པོ་བསྒྲིགས་ཏེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཉེན་ཉེ་དང་གྲོགས་པོ་བློ་ཐུབ་ཏུ་གྱུར་པར་བྱས་པ། ལས་དོན་ཏན་ཏིག་སྤེལ་ཏེ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་བྱེད་ཐབས་ཇི་མ་ཇི་བཞིན་དང་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཡོད། དགོན་སྡེ་དོ་དམ་ལས་བྱེད་པས་ལས་དོན་ཏན་ཏིག་དང་ནུས་ལྡན་སྤེལ་བའི་རྨང་གཞིའི་ཐོག ང་ཚོས་དགོན་སྡེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་དང་ཕྱིར་བཤོལ་ལ་ངོ་རྒོལ། གྲྭ་བཙུན་གྱི་སེམས་པ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་གཡུལ་ས་གཙོ་བོར་གྱུར་ཡོད།

དགོན་སྡོད་བྱས་ཚུན་ང་ཚོས་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དང་གྱེས་པར་བརྟེན། རྒྱུན་གཏན་གྱི་འཚོ་བའི་ཁྲོད་གཉེན་ཉེ་དང་ཐུག་འཕྲད་བྱེད་པའི་དུས་ཚོད་ཧ་ཅང་ཉུང་ཉུང་ཡིན། འོན་ཏེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོར་ཡིད་ཆེས་ཧ་ཅང་ཆེན་པོ་གནང་བ་དང་། དགོན་སྡེ་དོ་དམ་ལས་བྱེད་པ་ཞེས་པའི་མིང་འདིས་ང་ཚོར་འགན་འཁྲི་ཧ་ཅང་ཆེན་པོ་དཀྲིས་པ། གྲྭ་བཙུན་གྱི་དཀའ་ངལ་དང་དགོས་མཁོས་ང་ཚོར་སྒུལ་ཤུགས་ཧ་ཅང་ཆེན་པོ་སྦྱིན་ཡོད། དེས་ན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀའ་ཕབ་མ་ཐག་ང་ཚོས་བདེན་དོན་ཐད་ལ་ཕྱིར་བཤོལ་བྱ་མི་རུང་ལ་བྲག་ལྟར་སྲ་བའི་དད་སེམས་བརྟན་པོ་ཞིག་ཀྱང་འཛུགས་དགོས་པ་གསལ་པོ་ཤེས་ཀྱི་ཡོད།

དགོན་སྡོད་བྱས་ཚུན་ང་ཚོར་སྔ་ཕྱི་བར་གསུམ་དུ་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྡེ་ཚན་བཅས་ཀྱི་ཐུགས་ཁུར་དང་། གཅེས་སྐྱོང་། རྒྱབ་སྐྱོར། རོགས་རམ་བཅས་ཐོབ་ཅིང་། དགོན་སྡེ་དོ་དམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། ང་ཚོ་སྒྲིག་འཛུགས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་། བསྟན་དོན་དང་འདུལ་ཁྲིམས། ལོ་རྒྱུས་རྒྱུན་འཛིན་བཅས་སློབ་སྦྱོང་བྱེད་དུ་བཅུག་པ་ལས་དགོན་སྡེ་དོ་དམ་ལས་བྱེད་པ་དང་གྲྭ་བཙུན་དབར་གྱི་འབྲེལ་བ་དང་། བརྩེ་སེམས་ཟབ་ཏུ་སོང་བ་མ་ཟད། ད་དུང་ཁོང་ཚོའི་ཡིད་ཆེས་དང་ཁས་ལེན་ཡང་ཐོབ་ཡོད། ང་ཚོས་གྲྭ་བཙུན་ལ་རྒྱ་ཡིག་སློབ་པ་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ། ཁོང་ཚོར་ཐོས་བསམ་སྒོམ་གསུམ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱེད་པ། གྲྭ་བཙུན་གྱི་ནང་མིར་འབྲེལ་གཏུགས་འཚམས་འདྲི་བྱེད་པ་དང་འབྲེལ་དཀའ་ངལ་སེལ་རོགས་ཀྱང་བྱེད་པ་སོགས་ལས་ང་ཚོ་ཉིན་ལྟར་ལས་བྲེལ་གྱིས་ཁེངས་ཀྱང་དོན་སྙིང་ལྡན་པའི་འཚོ་བ་ཞིག་སྐྱེལ་བཞིན་ཡོད།

དགོན་སྡོད་བྱས་ཚུན་ང་ཚོའི་དད་སེམས་སྔར་བས་སྲ་བརྟན་དང་ལས་ཀའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་སོང་། གང་ལགས་ཤེ་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོར་དམིགས་བསལ་གྱི་ཐུགས་ཁུར་དང་གཅེས་སྐྱོང་གནང་སྟེ་དགོན་སྡེ་དོ་དམ་ལས་བྱེད་པ་གསོ་སྐྱོང་དང་། བཀོལ་སྤྱོད། འགན་ལེན་བཅས་ཀྱི་གཏན་འབེབས་རབ་དང་རིམ་པ་ཟམ་མི་ཆད་པར་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་ལས་ང་ཚོ་གནས་ཟོས་བདེ་བར་གྱུར་ལ་བློ་བདེ་པོའང་བྱུང་། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ང་ཚོས་ལས་དོན་བདེ་བླག་ནུས་ལྡན་ངང་སྤེལ་བར་རྒྱབ་སྐྱོར་རབ་དང་རིམ་པ་གནང་བ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། དགོན་སྡེ་དོ་དམ་ལས་དོན་གྱི་གྲོན་དངུལ་འགན་ལེན་གནང་བ། དགོན་སྡེ་དོ་དམ་ལས་བྱེད་པར་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་བཅས་ལས་དགོན་སྡོད་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་མཐུན་སྒྲིལ་སྔར་བས་དམ་ཟབ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་ནུས་ལྡན་བྱེད་པའི་ང་ཚོའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་།

ནང་བསྟན་གྱི་གསུང་རབ་ལ་བརྩོན་ཞིབ་བྱས་ནས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུ་ཡིན།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ངོར་དགོན་པའི་དཔེ་ཆའི་དགེ་རྒན། དར་རྒྱས་ཀྱིས།    

ནང་བསྟན་གྱི་གསུང་རབ་ནང“ཐོས་བསམ་སྒོམ་གསུམ་ལ་མི་གཞོལ་ན་ཐམས་ཅད་སྟོང་པ་ཉིད་དོ”ཞེས་འཁོད་ཡོད། དཔེ་ཆའི་དགེ་རྒན་ཞིག་གི་ངོས་ནས་རང་དཔེ་གཞན་སྟོན་བྱས་ཏེ་ནང་བསྟན་གྱི་གསུང་རབ་ལ་སྦྱངས་པ་མཐར་ཕྱིན་པ་དང་སངས་རྒྱས་ཀྱི་ཆོས་ལུགས་ལ་ཞིབ་འཇུག་མཐའ་གཅིག་ཏུ་བྱེད་པ་དང་། “གཏམ་སྤྱོད་ཚང་མའི”ཐད་ནས་བླང་བྱ་ནན་པོ་དང་མིག་དཔེ་འདོན་པ། བཅའ་ཁྲིམས་ཀྱི་ཤེས་བྱ་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྣེ་ཁྲིད་དེ་བརྩི་བཀུར་ཞུ་བ། དགོན་སྡེའི་སྒྲིག་སྲོལ་ལམ་ལུགས་དང་། སྒྲིག་ལམ། འདུལ་ཁྲིམས་བཅས་ལ་བརྩི་བཀུར་ཞུ་བ། སྲིད་གཞུང་དང་དགོན་སྡེ་དོ་དམ་རྩ་འཛུགས་ཀྱིས་ཁྲིམས་ལྟར་དོ་དམ་བྱེད་པ་དང་ལེན་ཞུ་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་ཡིན། ངག་སློབ་ལ་སྣང་ཆེན་བྱེད་དགོས་མ་ཟད། དཔེ་སྟོན་ལ་དེ་བས་སྣང་ཆེན་བྱེད་དགོས་ཤིང་། “གསུང་རབ་དང་། སྡོམ་ཁྲིམས། བསྟན་བཅོས”བཅས་གསུམ་ནི་བཀའ་བསྟན་འགྱུར་གྱི་བསྟན་དོན་དང་། “ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ”བཅས་གསུམ་ནི་བློ་སྦྱོང་། “ཐོས་བསམ་སྒོམ”གསུམ་ནི་བྱེད་ཐབས། “འཆད་རྩོད་རྩོམ”གསུམ་ནི་དམིགས་ཡུལ་དུ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་མཁྱེན་རྒྱ་ཡངས་པའི་བསྟན་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ངོ་བོ་ཁོང་དུ་ཆུད་པ་དང་གོ་དོན་མཐིལ་རྟོགས་བྱས་ཏེ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་ངོས་འཛིན་དང་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་གྱི་དགོས་མཁོ་དང་འཚམ་པའི་ལྟ་སྟངས་ཆགས་པར་བྱ་རྒྱུ་ཡིན། བོད་བརྒྱུད་ནང་བསྟན་གྱི་སྐབས་རིམ་བྱོན་གྱི་བླ་མ་སྐྱེས་ཆེན་གྱི“རྒྱལ་གཅེས་ཆོས་གཅེས་དང་ཁམས་སྐྱོང་འགྲོ་ཕན”གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་བོད་བརྒྱུད་ནང་བསྟན་གྱི་སྡིག་པ་ཅི་ཡང་མི་བྱ་ཞིང་དགེ་བ་ཕུན་སུམ་ཚོགས་པར་བྱ་བའི་དགོངས་དོན་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་བསྟན་དོན་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དང་འཚམ་པའི་འགྲེལ་བཤད་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་དད་ལྡན་སེར་སྐྱ་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་གཏོང་རྒྱུ་ཡིན།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བ་བྱེད་པ་ནི་ཆོས་ལུགས་ལས་རིགས་མི་སྣར་བཏོན་པའི་ཆབ་སྲིད་ཀྱི་བླང་བྱ་ཞིག་རེད་ལ་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་རེད། ང་ཚོས་བོད་བརྒྱུད་ནང་བསྟན་གྱི“སེམས་ཅན་ཐམས་ཅད་བདེ་ལ་འགོད་པའི”རྩ་བའི་དམིགས་ཡུལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ“རྒྱལ་སྐྱོང་འགྲོ་ཕན”གྱི་བླང་བྱ་གལ་ཆེན་ལག་ལེན་བསྟར་བ་དང་བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེའི་སེམས་པ་དང་ཕན་ཚུན་ཡིད་ཆེས་དང་། ཟོལ་མེད། བཟོད་སྒོམ། ཁེངས་སྐྱུང་། སྙིང་རྗེ་བཅས་ཀྱི་མི་ཚེའི་ལྟ་བ་འདོན་སྤེལ་གང་ལེགས་དང་། སྡིག་སྤོང་དགེ་སྒྲུབ་དང་། བྱམས་སེམས་འགྲོ་ཕན། བཙན་གནོན་ཞན་སྐྱོར། དྲིན་ཚོར་དྲིན་འཇལ། དགེ་བ་གསོག་པ་བཅས་ཀྱི་ཀུན་སྤྱོད་ཀྱི་ལྟ་བ་འདོན་སྤེལ་གང་ལེགས། ཚེ་སྲོག་ལ་གཅེས་སྤྲས་དང་སེམས་ཅན་ཐམས་ཅད་བཏང་སྙོམས་ཡིན་པ་དང་། དྲག་ཞན་མཐོ་དམན་དང་སྙན་གྲགས་ཆེ་ཆུང་མི་དབྱེ་བའི་ཚེ་སྲོག་གི་ལྟ་བ་འདོན་སྤེལ་གང་ལེགས། རང་བྱུང་ལ་གཅེས་སྤྲས་དང་། རང་བྱུང་ལ་གནོད་འཚེ་མི་གཏོང་བ། རང་བྱུང་ལ་བསྟུན་པ་བཅས་བྱས་ནས་མི་དང་རང་བྱུང་ཁམས་མཉམ་དུ་གནས་པ་དང་ཞི་མཐུན་མཉམ་གནས་ཀྱི་སྣོད་བཅུད་ལྟ་བ་འདོན་སྤེལ་གང་ལེགས་བཅས་བྱ་རྒྱུ་ཡིན།

མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད་བཅས་ནི་མི་རིགས་ང་དྲུག་གི་ཐུན་མོང་བསམ་འདུན་རེད། ང་ཚོས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་སྔོན་བྱོན་མཁས་དབང་དམ་པའི་རྒྱལ་གཅེས་ཆོས་གཅེས་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”བདེན་དོན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཧུར་ཐག་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རང་ཉིད་ཀྱི་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན།

ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་འགག་རྩའི་ནུས་པ་འདོན་རྒྱུ་ཡིན།

ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཟླ་བ་ཚེ་རིང་གིས།    

“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་རྒྱུའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཆོས་ལུགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ངས་སྐོར་སྐྱོད་སྒྲོག་འགྲེལ་པ་ཞིག་བྱས་པ་ཡིན། སྒྲོག་འགྲེལ་པ་ཞིག་གི་ངོས་ནས། ང་ལ་ངོས་འཛིན་ཟབ་མོ་བྱུང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་བཞི་ལས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དང་ཐུགས་རེ་ཟབ་མོ་བཅོལ་གནང་བ་མཚོན་ཡོད། དེ་ནི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་ལ། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ཚོས་གོ་བ་གཏིང་ཟབ་ལེན་དགོས་པའི་བསམ་བློའི་ཕྱོགས་སྟོན་དང་། ལག་ལེན་དུ་འཁྱོལ་དགོས་པའི་བྱ་སྤྱོད་ཀྱི་ཚད་གཞི། ཚད་གཞི་ཁ་གསལ་བཟོ་བའི་འབད་འཐབ་ཀྱི་ཁ་ཕྱོགས་བཅས་ཀྱང་རེད། ངས་སྣེ་ཁྲིད་ནས“ཚད་གཞི་བཞིའི”དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། སྒྲོག་འགྲེལ་མ་ཟིན་ཞིབ་པར་འགོད་པ། དགོན་སྡེར་བསྐྱོད་དེ་གྲྭ་བཙུན་ལ་ནང་བསྟན་གསུང་རབ་ཀྱི་ལུང་ཚིག་དང་། བླ་མ་སྐྱེས་ཆེན་གྱི་བཀའ་སློབ། སྡོམ་ཁྲིམས་དང་འདུལ་ཁྲིམས་ཀྱི་འཆུན་འདོམས་བཅས་ལ་བརྟེན་ནས“ཚད་གཞི་བཞིའི”ལྟེ་བའི་ནང་དོན་ལ་འགྲེལ་བཤད་གཏིང་ཟབ་རྒྱག་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་དགོན་སྡེའི་གྲྭ་བཙུན་ཚོར་དངོས་འབྲེལ་བརྒྱུད་བསྒྲགས་བྱས་པ་དང་དགོན་སྡེའི་གྲྭ་བཙུན་གྱི་བསམ་བློ“ཚད་གཞི་བཞི”ལག་བསྟར་བྱེད་དགོས་པའི་བླང་བྱའི་ཐོག་ཁྲིད་སྟོན་བྱས་ཡོད།

དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་འཐུས་མི་ཞིག་ལ་ཆ་མཚོན་ན། འགག་རྩའི་སྐབས་སུ་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ཐོག་མཐའ་བར་གསུམ་དུ་ལང་དགོས་པ་དང་། ཆབ་སྲིད་ཐད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་པ། མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་བྱེད་ཕོད་པ། རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ་བཅས་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་སྲུང་དགོས་པའི་བདེན་དོན་ཞིག་རེད། ང་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་ཤིང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སོགས་སྐབས་རིམ་བྱུང་གི་སྔོན་བྱོན་མཁས་དབང་རྣམས་མིག་དཔེར་བཟུང་སྟེ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་དྲིན་ལན་འཇལ་བ་བཅས་བྱེད་པ། དགོན་སྡེའི་སྒྲིག་སྲོལ་དང་འདུལ་ཁྲིམས་གཙང་མ་སྲུང་བ། དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པའི་གྲྭ་བཙུན་དང་། ཐོས་བསམ་སྒོམ་གསུམ་ལ་གཞོལ་བའི་གྲྭ་བཙུན། སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བཟང་བའི་གྲྭ་བཙུན། ལས་དོན་ཧུར་ཐག་སྒྲུབ་པ་དང་ནུས་པ་འདོན་པའི་གྲྭ་བཙུན་བཅས་ཧུར་བརྩོན་ཆེན་པོས་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།