ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཉིང་ཁྲི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་སྲིད་ཐོག་ཁང་ཆེན་མོའི་མདུན་དུ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། དེའི་ཡར་སྔོན་དུ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི“ཆུ་དྭངས་མོ་དང་རི་སྔོན་པོ་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞི་དང་སྐོར་གཉིས་པའི“རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་རྫོང45”ལ་གཟེངས་བསྟོད་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་གནང་བ་དང་། དེ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར“བོད་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར”ཐོག་མ་རུ་གྱུར་ཡོད།

མིག་སྔའི་བར་དུ། ཉིང་ཁྲི་གྲོང་ཁྱེར་དུ་བསྡོམས་པས་རྫོང(ཆུས)6དང་། ཤང(གྲོང་རྡལ)41། སྲིད་འཛིན་གྲོང་ཚོ384བཅས་ལ་སྔ་གཞུག་ཏུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་དང་། ཤང(གྲོང་རྡལ)། གྲོང་ཚོ་བཅས་ཀྱི་མཚན་སྙན་ཐོབ་ཡོད་ལ། ཐོག་དང་པོར་ལྗོངས་ཡོངས་ནས“སྲིད་འཛིན་གྲོང་ཚོ་དང་། ཤང(གྲོང་རྡལ)། རྫོང་བཅས80%རུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་དང་། སྐྱེ་ཁམས་ཤང(གྲོང་རྡལ)། སྐྱེ་ཁམས་རྫོང་བཅས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་། རྫོང་གཉིས་ལ་རྒྱལ་ཁབ་སྐྱེ་ཁམས་རྫོང་གི་ཡུལ་དངོས་ལག་རྩལ་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། ཤང38ཀྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤང་གི་སྙན་ཞུ་ཕུལ་བའི་བྱ་བ་ལེགས་འགྲུབ་བྱུང་། 2017ལོའི་ཟླ7པར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་སྐོར་དང་པོའི“རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་དང་རྫོང”གི་དཔྱད་འདེམས་ལ་ཞུགས་ཤིང་། 2017ལོའི་ཟླ9བའི་ཚེས18ཉིན“རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང(ཆུས)”གི་མཚན་སྙན་བདེ་བླག་ངང་ཐོབ་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།