2020ལོའི་ལོ་མཇུག་ཏུ་བོད་ལྗོངས་ལྷ་སས་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་ཐབས་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད།

W020181229355796472009.jpg

ཁ་བ་བབས་རྗེས་ཀྱི་ལྷ་ས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་ལས་དོན་མགྱོགས་སུ་གཏོང་བ།  མིའི་འཚོ་སྡོད་ཀྱི་ཁོར་ཡུག་དང་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད།  མིག་སྔར།  བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་།  སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་བོད་རང་སྐྱོང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལམ་ལུགས་ལག་བསྟར་བྱེད་པའི་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ།  བོད་རང་སྐྱོང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་།

རྒྱུས་ལོན་བྱུང་བ་ལྟར་ན།  བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་སྔོན་ལ་འཚོ་བའི་གད་སྙིགས་བཙན་ཐབས་ཀྱིས་རིགས་དབྱེ་བྱེད་ཐབས་ལག་བསྟར་བྱེད་པ་དང་།  གྲོང་ཁྱེར་གཞན་དུ་ཡུལ་བབ་དང་བསྟུན་ནས་གད་སྙིགས་རིགས་དབྱེ་བྱེད་ཐབས་གང་མགྱོགས་ཀྱིས་སྐུལ་སྤེལ་བཏང་སྟེ།  2020ལོའི་ལོ་མཇུག་ཏུ་སླེབས་དུས་གཞི་རྩའི་ཆ་ནས་འཚོ་བའི་གད་སྙིགས་རིགས་དབྱེ་འབྲེལ་ཡོད་ཁྲིམས་སྲོལ་དང་སྒྲིག་ཡིག་བཙུགས་ནས།  ལད་ཟློས་བྱེད་ཆོག་པ་དང་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་ཐབས་ཁྱབ་གདལ་གཏོང་ཆོག་པའི་རྣམ་པ་འགྲུབ་དགོས།

འཚོ་བའི་གད་སྙིགས་བཙན་ཐབས་ཀྱིས་རིགས་དབྱེ་བྱེད་པའི་གྲོང་ཁྱེར་གྱི་ས་ཁོངས་སུ་འཚོ་བའི་གད་སྙིགས་ཕྱིར་བསྡུ་དང་བེད་སྤྱོད་གཏོང་ཚད35%ཡན་ཟིན་དགོས་པ་དང་།  ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་གཞན་དུ་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དང་གཙོ་གནད་གྲོང་རྡལ།  མཛེས་ལྗོངས་ཁུལ་གཙོ་བོར་(ས་ཚིགས)འཚོ་བའི་གད་སྙིགས་བཙན་ཐབས་ཀྱིས་རིགས་དབྱེ་བྱེད་པའི་གོམ་སྟབས་བརྟན་ལྷིང་སྒོས་སྐུལ་འདེད་གཏོང་བ་དང་།  2025ལོར་སླེབས་སྐབས་འཚོ་བའི་གད་སྙིགས་བཙན་ཐབས་ཀྱིས་རིགས་དབྱེ་བྱེད་པའི་དམིགས་ཡུལ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་དགོས།

ཐེངས་འདིའི་འཚོ་བའི་གད་སྙིགས་བཙན་ཐབས་ཀྱིས་རིགས་དབྱེ་བྱེད་པའི་ཁྱབ་ཁོངས་སུ།  སྤྱི་པའི་སྡེ་ཚན་དང་འབྲེལ་ཡོད་ཁེ་ལས།  གླིང་ཁུལ།  སྡེ་ཁུལ་བཅས་འདུས་ཡོད།  བཙན་ཐབས་ཀྱིས་རིགས་དབྱེ་བྱེད་པའི་ནང་གློག་སྨན་སྙིགས་རོ།  འཚེར་འོད་གློག་སྒྲོན།  ཚ་དྲོད་ལྟ་ཆས།  ཁྲག་ཤེད་འཇལ་ཆས།  བེད་མེད་སྨན་རྫས།  དེ་བཞིན་ཐུམ་སྒྲིལ་དངོས་པོ་སོགས་གནོད་ལྡན་གད་སྙིགས་ཀྱི་རིགས།  འབྲེལ་ཡོད་ལས་ཁུངས་ཀྱི་ཟ་ཁང་།  མགྲོན་ཁང་ཆེན་མོ།  ཟ་ཁང་སོགས་ནས་ཐོན་པའི་ཟས་ལྷག་སོགས་རུལ་སླ་བའི་གད་སྙིགས་ཀྱི་རིགས།  ཤོག་སྙིགས།  བེད་མེད་འགྱིག་ཤོག  ལྕགས་རིགས་སོགས་ཕྱིར་བསྡུ་ཆོག་པའི་གད་སྙིགས་ཀྱི་རིགས་བཅས་སོ།  །

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་རྒྱུར།  གད་སྙིགས་ཀྱི་འབྱུང་ཁུངས་ནས་གྲོན་ཆུང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་།  གནོད་མེད་ཕྱི་ཐུམ་འཕེལ་རྒྱས་དང་ནུས་རྒྱུ་གཙང་མ་ཁྱབ་གདལ།  ཤོག་བུ་མེད་པའི་གཞུང་དོན་སྒྲུབ་པ་དར་སྤེལ་བཅས་ལ་སྐུལ་འདེད་བྱས་ཏེ།  འབྱུང་རྩ་ནས་འཚོ་བའི་གད་སྙིགས་ཉུང་དུ་གཏོང་དགོས།  དེ་བས་ཀྱང་གནོད་ལྡན་གད་སྙིགས་དོ་དམ་ཐག་གཅོད་ཚད་ལྡན་བྱས་ཏེ།  སྤྱི་ཚོགས་ཐོག་ཉེན་ཆེའི་དངོས་ཟོག་དང་གནོད་ལྡན་གད་སྙིགས་བསྡུ་རུབ་དང་དོ་དམ་ཐག་གཅོད་ལམ་སྲོལ་མགྱོགས་པོ་འཛུགས་པ་དང་།  གནོད་ལྡན་གད་སྙིགས་སྐྱེལ་འདྲེན་དང་གསོག་ཉར།  བེད་སྤྱོད་དང་གཞན་སྒྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཛུགས་དགོས།

རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད།  བོད་རང་སྐྱོང་ལྗོངས་ཀྱིས་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པ་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་།  བཙན་ཐབས་ཀྱིས་རིགས་དབྱེ་བྱེད་པའི་ཚོད་ལྟའི་གྲོང་ཁྱེར་དང་གནད་ཆེའི་ས་ཁོངས་ཚང་མར་ལྟ་རྟོག་བྱས་ཏེ།  གང་མགྱོགས་ཀྱིས་དབྱེ་འབྱེད་བེད་སྤྱོད་དང་རིགས་དབྱེ་ཕྱིར་བསྡུ།  རིགས་དབྱེ་སྐྱེལ་འདྲེན།  རིགས་དབྱེ་གཙང་སེལ་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་འཛུགས་དགོས།  གྲོང་ཁྱེར་གྱི་དོ་དམ་དང་ཞབས་ཞུ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།  མིའི་འཚོ་སྡོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་གད་སྙིགས་རིགས་དབྱེ་གཙང་སེལ་ནུས་པ་དང་སྣོད་བཅུད་ས་ཁུལ་ཆེན་པོ་འཛུགས་སྐྲུན་གྱི་བླང་བྱ་དང་མཐུན་པར་བརྩོན་ལེན་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།