བོད་ལྗོངས་ཀྱིས་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་ཏན་ཏིག་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་གནང་སྟེ།  རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་བོད་ལྗོངས་ཀྱི་ལས་གཞི་བརྒྱད་ལ་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཀྲོང་ཡན་ནས་རིམ་ཁག་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དང་།  ལྷག་པར་དུ་སྤྱི་ཟླ10པའི་ཚེས20ཉིན་ཉིང་ཁྲི་ཀ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འཕྲལ་སྡོམ་མྱུར་སེལ་ལས་ཀའི་ས་གནས་ས་ཐོག་ཏུ་འཚོགས་པའི་ཚོགས་འདུའི་ཐོག་གི་འགན་འཁྲི་ལས་བགོས་གཞིར་བཟུང་།  ཚད་གཞི་དང་ལས་རིམ་ལ་གཞིགས་ནས་འཕེལ་རིམ་མགྱོགས་སུ་བཏང་སྟེ་ལས་གཞི་བརྒྱད་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས་པ་དང་།  ཇུས་གཞི་མགྱོགས་པོ་བཟོས་ཏེ་བདེ་འཇགས་ཨང་དང་པོ་དང་བཀོད་སྒྲིག་ལུགས་མཐུན།  ཚན་རིག་དང་མཐུན་པའི་འཛུགས་སྐྲུན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག  གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་ལ་སྣང་ཆེན་བྱས་ནས་ཚན་རིག་དང་མཐུན་པ་དང་དོན་དངོས་དང་མཐུན་པ་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ།  རྐྱེན་རྩ་མཐིལ་རྟོགས་ཏན་ཏིག་བྱས་ཏེ་ཕྱོགས་གཅིག་ནས་ས་གཤིས་གནོད་འཚེའི་རྐྱེན་རྩ་ཞིབ་བཤེར་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ།  ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁར་དཔྱད་དཔོག་དང་རྐྱེན་རྩ་མཐིལ་རྟོགས་བྱེད་དགོས་པ་དང་།  ཕྱོགས་གཞན་ཞིག་ནས་ལས་གཞི་ཚང་མའི་གནས་ཚུལ་དང་རྐྱེན་རྩ་ཤེས་རྟོགས་གསལ་པོ་ཡོང་བ་བྱེད་དགོས་པ།  འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ་དང་འབྲེལ་ཡོད་ཚན་པས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ནས།  གནོད་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཡག་པོ་སྤེལ་ཏེ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།