ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས21ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས2018ལོའི་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འདི་ལོ་ཚུན་གྱི་ལས་ཀར་ཕྱོགས་སྡོམ་དང་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་གནང་བ་དང་སང་ལོའི་ལས་དོན་གྱི་འཆར་གཞིར་ཞིབ་འཇུག་གནང་བ་རེད།

ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་དང་། ལྷགས་པའི་གནད་དོན། 2019ལོའི་ལས་དོན་གྱི་འཆར་གཞི། ཚོགས་ཞུགས་ཚན་པས་བཏོན་པའི་བསམ་འཆར་དང་གྲོས་འགོ་བཅས་གསན་རྗེས། པད་མ་དབང་འདུས་ཀྱིས། ད་ལོ་ནས་བཟུང་སྣོད་བཅུད་ཤེས་དཔལ་ལས་དོན་གྱི་ཆེད་དོན་ཚན་ཁག་གི་སྣེ་ཁྲིད་དང་དམ་འཛིན་འོག་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གནད་དོན་དག་ཐེར་དང་ཟུང་འབྲེལ་གྱིས་རང་འགུལ་ངང་འཆར་འགོད་དང་། བྱས་རྗེས་ཧུར་ཐག་འཇོག་པ། སེམས་ཤུགས་གཅིག་སྒྲིལ། ཐུན་མོང་ཐོག་སྐུལ་སྤེལ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་འཇགས་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་མཐུད་འཐུས་ཚང་བྱུང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གནད་དོན་དག་ཐེར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐུབ་པ་དང་། རི་ཆུ་ནགས་མཁའ་མཚོ་རྩྭའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་ཐོག་སྐུལ་འདེད་ཐུབ་པ། རྒྱལ་ཁབ་ས་ཆའི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་ཏན་ཏིག་ཐུབ་པ་བཅས་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་ལས་དོན་ལ་ཕན་འབྲས་ཡག་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

པད་མ་དབང་འདུས་ཀྱིས། ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། རིམ་པ་ཁག་དང་འབྲེལ་ཡོད་ཀྱི་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཏན་ཏིག་ཐུབ་པ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་མང་ཚོགས་ཀྱི་རིག་གནས་འདུ་ཤེས་སུ་འགྱུར་བར་བྱེད་པ་དང་། ལྗང་མདོག་འཛད་སྤྱོད་དང་འཛད་སྤྱོད་འོས་འཚམ་བྱེད་པ་དེ་སྤྱི་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱས་ནས་སྤྱི་ཚོགས་ཡོངས་ལ་སྐུལ་སློང་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ནུས་རྒྱུ་ཟད་གྲོན་དང་སྦགས་བཙོག་ཉུང་དུ་བཏང་སྟེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་མཉམ་དུ་སྲུང་སྐྱོང་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།