ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་བོད་དང་། སི་ཁྲོན། ཡུན་ནན་བཅས་ལ་ཀྲུང་དབྱང་གི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར2.6སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས7ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་དེ་ཉིན་བོད་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.6སྤྲད་པ་རེད།

འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁ་གསབ་མ་དངུལ་དེ་དག“11·3”གྱི་འབྲི་ཆུའི་རི་ཉིལ་ནས་ཆགས་པའི་འཁྱིལ་མཚོས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཛ་དྲག་གནས་སྤོ་བཀོད་སྒྲིག་དང་། བར་བརྒལ་དུས་ཀྱི་འཚོ་བའི་རོགས་སྐྱོབ། མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་དགོས་མཁོར་སྤྱད་དེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་བ་དང་གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་དང་། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གེགས་ཁུལ་མང་ཚོགས་ཚང་མ་མིག་སྔར་བཀོད་སྒྲིག་འོས་འཚམ་བྱས་ནས་གཞི་རྩའི་འཚོ་བར་འགན་སྲུང་ཐུབ་སྟེ། གནོད་འཚེའི་གྱོང་གུན་ལ་ཚོད་སྐོར་དང་། ཐོན་སྐྱེད་དང་འཚོ་བ་སླར་གསོ། མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།