གཞིས་རྩེས་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། གྲོང་ཁྱེར་དེས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར102.65བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱད་པ་དང་། ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས288བསྐྲུན་འགོ་ཚུགས་པ། མང་ཚོགས་དབུལ་པོ་ཁྲི8.3ལ་ཕན་པ་བསྐྲུན་པ། ཁྱིམ་ཚང་དབུལ་པོ9000ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བརྒྱུད་སྡོད་ཁང་གསར་པར་སྤོས་པས། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2016ལོ་དང2017ལོར་གྲོང་ཁྱེར་དེའི་མི་ཁྲི8.52དང་གྲོང་ཚོ་དབུལ་པོ512དབུལ་སྒྲོལ་ཐུབ་པ་དང་དབུལ་པོ་ཐོན་ཚད12.94%བར་ཆག་ཡོད། གཞན་ཡང་གྲོ་མོ་དང་། པ་སྣམ། གཉའ་ནང་། གཏིང་སྐྱེས། ཁང་དམར། སྐྱིད་གྲོང་བཅས་རྫོང་དྲུག་གི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རིང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གིས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། པ་སྣམ་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཤིང་འབྲས་དང་སྔོ་ཚལ་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ། ལས་ཞུགས་གཞན་སྒྱུར་དང་། ས་ཞིང་བརྒྱུད་བཤུག ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའ་སོགས་ཀྱི་བྱེད་སྟངས་བརྒྱུད། མང་ཚོགས་དབུལ་པོ4071ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར4500ཡན་ཟིན་རྒྱུ་སྐུལ་ཁྲིད་བྱས་ཡོད། ཁང་དམར་རྫོང་གིས་སློབ་གསོའི་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པའི་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་རིམ་འཕར་བའི་བྱ་དགའ་སྤྲད་པ་དང་སློབ་ཆེན་སློབ་མ་དབུལ་པོར་འཚོ་བའི་ཁ་གསབ་སྤྲད་ཡོད། གཏིང་སྐྱེས་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དང་གེགས་རྗེས་བསྐྱར་སྐྲུན་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ2དང་གྲོང་ཚོ་ཧྲིལ་པོའི་རྣམ་གྲངས26བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། དམངས་ཀྱི་སྡོད་ཁང་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྱར་སྐྲུན་བཅས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ཡོད། སྐྱིད་གྲོང་རྫོང་གིས་བྱ་དགའ་སྤྲད་ནས་གོ་རྟོགས་བསྡུར་བ་དང་། བྱ་དགའ་སྤྲད་ནས་ཤེས་དཔལ་བསྡུར་བ། བྱ་དགའ་སྤྲད་ནས་འཕྲོད་བསྟེན་བསྡུར་བ་བཅས་ཀྱི་བྱེད་སྟངས་གསར་གཏོད་དང་ལག་ལེན་བསྟར་ཏེ་དབུལ་སྒྲོལ་བསམ་བློའི་འགྱུར་ལྡོག་བསྡུར་བ་དང་། དཀའ་སྤྱད་ཕྱུག་འགྱུར་གྱི་ཆུ་ཚད་བསྡུར་བ། ཁྱིམ་ཚང་གི་འཕྲོད་བསྟེན་རིམ་པ་བསྡུར་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།