ཆེ་དགྲ་ལྷས་ལྷ་སར་འབྲོག་ལས་གོང་འཕེལ་དང་གཟན་རྩྭ་ཐོན་སྐྱེད་རྣམ་གྲངས་ཀྱི་འཕེལ་རིམ་ལ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་དུ་འབྲོག་ལས་གོང་འཕེལ་དང་གཟན་རྩྭ་ཐོན་སྐྱེད་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ཐད་བརྟག་ཞིབ་གནང་སྐབས།  ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་དང་འབྲོག་ལས་དེང་རབས་ཅན་ལ་གང་མགྱོགས་སྐུལ་སྤེལ་གཏོང་བ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ཏེ་འབྲོག་ལས་སྤུས་འབྲས་ལེགས་གཏོང་དང་མང་ཚོགས་རྒྱུན་སྲིང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད། 

ཆུ་ཤུར་རྫོང་བོད་སྡེ་གྲོང་ཚོའི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་དཔེ་སྟོན་རྟེན་གཞིར་ཆེ་དགྲ་ལྷས་ཨན་གེ་སིའི་གླང་དང་མཛོ་མོའི་རྒྱུད་འདྲེས་རྣམ་གྲངས་ཚོད་ལྟའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཁོང་གིས་ཐོན་ཁུངས་སྔར་བས་རུབ་བསྡུས་བྱེད་པ་དང་གཅིག་བསྡུས་སྟེགས་བུ་གཏོད་ནས་ལག་རྩལ་གྱི་འགག་སྒྲོལ་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་།  ཐོན་ལས་དང་སློབ་སྦྱོང་།  ཞིབ་འཇུག་བཅས་ཟུང་འབྲེལ་བྱེད་རྒྱུར་བརྟེན་པ།  ཐོན་ཁུངས་བཀོད་སྒྲིག་ལ་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཤུགས་ཆེ་རུ་གཏོང་བ།  ཚན་རྩལ་གྲུབ་འབྲས་ཁྱབ་གདལ་མགྱོགས་སུ་གཏོང་བ།  ཐོན་ལས་འཁོར་སྦྲེལ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ།  ཞོར་ཐོན་རིན་ཐང་འཕར་སྣོན་གཏོང་བ་བཅས་བྱས་ཏེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན།  ཚད་ལྡན་ཅན་བཅས་ཀྱི་གོང་འཕེལ་ཆུ་ཚད་མཐོ་རུ་བཏང་ནས་ལྗོངས་ཡོངས་སུ་དཔྱད་གཞི་དང་རྒྱུན་སྲིང་།  ཁྱབ་གདལ་བཅས་བྱེད་ཆོག་པའི་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱེད་དགོས་པ་དང་།  ལས་རིགས་ལག་རྩལ་དགེ་རྒན་གྱི་སྟོབས་ཤུགས་དང་ཚན་རྩལ་ཆེད་མངག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ལག་རྩལ་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་གོ་ཆོད་ལག་རྩལ་ཁྱབ་གདལ་གཏོང་བ།  མང་ཚོགས་ཐེ་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བ།  རྣམ་གྲངས་འཕྲོ་འགྱེད་ཁུལ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་རྣམ་གྲངས་ཀྱི་ཕན་པ་ཐོབ་པ་བྱས་ཏེ།  མང་ཚོགས་དེ་བས་མང་བ་དེང་རབས་འབྲོག་ལས་ཐོན་སྐྱེད་ཁྲོད་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 

སྣེའུ་ཁུལ་གསར་བོད་ལྗོངས་ས་གཙང་ཅིས་ཡོན་དེང་རབས་ཅན་གྱི་རིགས་གསར་གཟན་རྩྭ་ཐོན་སྐྱེད་རྣམ་གྲངས་དང་སྟག་རྩེ་ཆུས་ཞིང་ལས་ཐོན་ལས་སྡེ་གླིང་རྩྭ་འདེབས་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས།  ཆེ་དགྲ་ལྷས་ཁེ་ལས་གོང་འཕེལ་གྱི་འཆར་འགོད་དང་རྩྭའི་ཐོན་འབབ།  གཟན་རྩྭའི་ཕན་འབྲས་དབྱེ་ཞིབ།  གཉེར་སྐྱོང་མ་གནས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཁོང་གིས་ཚན་རྩལ་གྱི་སྒུལ་ནུས་འདོན་སྤེལ་བྱེད་པ་དང་གཟན་རྩྭའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ།  རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱེད་པ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་གཏོང་དགོས་པ་དང་།  སྔོན་ཐོན་ལག་རྩལ་ནང་འདྲེན་དང་བེད་སྤྱོད་བྱེད་པ་དང་།  ཐོན་སྐྱེད་ཀྱི་མ་གནས་དམའ་རུ་གཏོང་བ།  གྲངས་གཞི་བསྡུ་རུབ་བྱེད་ཤུགས་ཆེ་རུ་གཏོང་བ།  སྒོ་དབྱེ་འདྲ་མཉམ་གྱི་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་གཟན་རྩྭ་ས་མེད་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་ནས།  རང་ལྗོངས་ཀྱི་འབྲོག་ལས་ལ་རྩྭ་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  མང་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།