ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་སྡེ་ཚན་གྱི་གསར་བསྐོས་འགོ་ཁྲིད་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་སྡེ་ཚན་གྱི་གསར་བསྐོས་འགོ་ཁྲིད་ལས་བྱེད་པ་དང་མཉམ་སྡེབ་བཀའ་མོལ་གནང་ནས་ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་ལེན་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བྱ་གཞག་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་དུས་རྟག་ཏུ་ཏང་དང་མི་དམངས་ཀྱི་བྱ་གཞག་སེམས་ནང་བཞག་ནས་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བ། འགན་འཁྲིའི་ངེས་གནས་གསལ་དུ་གཏོང་བ། ལས་གནས་བརྟན་སྲུང་། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ལས་གནས་གསར་པའི་ཐོག་རྣམ་པ་གསར་པ་མངོན་པ་དང་། བྱས་རྗེས་གསར་པ་འཇོག་པ། རྩ་འཛུགས་དང་མང་ཚོགས་ཀྱི་ཡིད་ཆེས་དང་དགའ་ཞེན་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་འབྲེལ་ཡོད་མི་སྣའི་གོ་གནས་བསྐོ་འཐེན་གྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅིས་གོ་ཀང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། ཟླ10ཚེས15ཉིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞིར》དངོས་སུ་ཆོག་མཆན་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དགའ་ཞེན་གནང་ལུགས་གང་ལེགས་མཚོན་ཡོད། ཟླ10ཚེས29ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཏེ་ལྗོངས་ཡོངས་ཀྱི་ལས་ཁུངས་སྒྱུར་བཅོས་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དེ་ཐོག་ནས་རང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ལས་དོན་དེ་གཅིག་འདོམས་འཆར་འགོད་བྱེད་པ་ནས་ཕྱོགས་ཡོངས་ནས་སྒྲིག་འཛུགས་ལག་བསྟར་བྱེད་པའི་དུས་མཚམས་སུ་སྐྱོད་པ་མཚོན་ཡོད། གྲ་སྒྲིག་གང་ལེགས་དང་། ཡང་ནས་ཡང་དུ་འདེམས་པ། འགག་སྒོ་ནན་པོ་སྲུང་བ་བཅས་བྱས་པ་བརྒྱུད་རྩ་འཛུགས་ཨུ་ལྷན་གྱིས་ཚང་མར་ལས་འགན་ལྕི་པོ་སྤྲད་ཡོད། འདི་ནི་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཚོའི་སྤྱོད་ཡོན་གཉིས་ལྡན་ཁས་ལེན་དང་ལས་ཀའི་བྱས་རྗེས་ལ་གདེང་འཇོག་གནང་བ་ཞིག་ཡིན་ལ། དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་ཚང་མར་ཚད་མཐོའི་ཡིད་ཆེས་དང་རེ་བ་ཟབ་མོ་བཅོལ་བའང་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་སྡེ་ཚན་གྱི་གསར་བསྐོས་འགོ་ཁྲིད་ལས་བྱེད་པས་འཇོན་ཐང་ཐད་ཀྱི་དངངས་སྐྲག་དང་ཤེས་བྱའི་ཐད་ཀྱི་དངངས་སྐྲག་དྲག་པོའི་ཐོག་ནས་སློབ་བརྩོན་བསམ་མཁས་མཐའ་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཤེས་བྱའི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲིའི་ཁྱབ་ཁོངས་ཁ་གསལ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལས་ཀའི་རྣམ་པ་གསར་པ་གཏོད་ཆེད་ཤེས་བྱའི་རྨང་གཞི་བརྟན་པོ་འདིང་དགོས། རྩ་འཛུགས་ཀྱི་གཏན་འབེབས་དང་བཀོད་སྒྲིག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དང་ལེན་མཐའ་གཅིག་ཏུ་ཞུས་ནས་གོ་གནས་འཕར་མཁན་གྱིས་རྩ་འཛུགས་ཀྱི་དགའ་གཅེས་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་། རང་སོར་ལུས་མཁན་གྱིས་ཚད་གཞི་དེ་བས་མཐོ་པོས་རང་ཉིད་ལ་བླང་བྱ་འདོན་པ། ལས་ཁུངས་གཞན་དུ་བསྒྱུར་བའི་བློ་མཐུན་ཚོས་ལས་ཀར་མགྱོགས་མྱུར་འཕྲོད་ཐུབ་པ་བཅས་བྱེད་དགོས། ཚན་ཁག་མཐུན་སྒྲིལ་ལ་གཙིགས་ཆེན་བྱས་ཏེ་མཐའ་དག་ཏང་གི་བྱ་གཞག་གི་སྤྱི་ཡོངས་དང་བསྟུན་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྣེ་ཁྲིད་དེ་ཚན་ཁག་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་སྲུང་སྐྱོང་བྱེད་པ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བརྩི་འཇོག མཉམ་དུ་ཡར་རྒྱས་ཡོང་བ་བཅས་བྱས་ཏེ་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་གཏོང་དགོས་པ། རང་འགན་གཙང་སྒྲུབ་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ།ལས་བྱེད་ལས་བཟོའི་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མགྱོགས་མྱུར་ལས་ཁུངས་ཀྱི་སྒོ་བྱང་འགེལ་བ་དང་། མི་སྣ་བཀོད་སྒྲིག འགན་འཁྲི་གསལ་བཟོ། མི་སེམས་གཅིག་སྒྲིལ་བཅས་བྱས་ཏེ་ལས་ཁུངས་སྒྱུར་བཅོས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་བ་དང་དུས་བཀག་ལྟར་ཕུན་སུམ་ཚོགས་པོའི་སྒོ་ནས་སྒྲུབ་དགོས་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་འབབ་ས་བཅས་དམ་འཛིན་ནན་པོ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་འདིང་རྒྱུར་གཞི་ཚུགས་པ། མཐའ་སྐྱོང་བོད་བརྟན་དང་མཐའ་སྟོབས་མཐའ་བརྟན་ལ་དམིགས་ནས་ཕུགས་ལ་དོ་དམ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། ཕྱོགས་གཉིས་ལ་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་ཁག་གིས་དཔུང་ཁག་སྣེ་ཁྲིད་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་འགན་ལེན་བྱེད་པ་བཅས་ཀྱིས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ། སྒྲིག་ལམ་ལ་སྣང་ཆེན་གྱིས་སྒྲིག་ཁྲིམས་སྲུང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་སྤྱོད་གཙང་གཞུང་དྲང་གི་གཟུགས་བརྙན་བཟང་པོ་འཛུགས་དགོས་པ་ཞེས་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་མཱ་ཅིང་ལིན་དང་། ཡོན་ཏན། ཏིང་ཀྲེ་ཧྥུང་བཅས་ཀྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།