​བོད་ལྗོངས་ཀྱི་གནོད་མེད་ཞིང་ལས་ཐོན་རྫས་ལ་ཁས་ལེན་དཔང་ཡིག་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་ཀྱི་གནོད་མེད་ཞིང་ལས་ཐོན་རྫས་ལ་ཁས་ལེན་དཔང་ཡིག་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་འབྱུང་འཕྲོད་སྔོ་ཚལ་གོང་འཕེལ་ཚད་ཡོད་ཀུང་སིར་རང་ལྗོངས་ཀྱིས་སྤྲད་པའི་གནོད་མེད་ཞིང་ལས་ཐོན་རྫས་ཀྱི་དཔང་ཡིག་ཐོག་མ་དེ་རགས་པའི་ཐོག་ནས།  བོད་ལྗོངས་ཀྱི་གནོད་མེད་ཞིང་ལས་ཐོན་རྫས་ཁས་ལེན་གྱི་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་པ་མཚོན་གྱི་ཡོད།  གནོད་མེད་ཞིང་ལས་ཐོན་རྫས་ཁས་ལེན་དང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་དཔེ་སྟོན་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྦྲེལ་མཐུད་ནུས་ལྡན་ཐུབ་སྟེ།  གནོད་མེད་ཞིང་ལས་ཐོན་རྫས་ཚད་གཞི་ཅན་དུ་གྱུར་བ་དང་ཐོན་སྐྱེད་ཀྱི་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས།  རང་ལྗོངས་ཀྱི་ཞིང་ལས་ཚད་གཞི་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན།  ད་ལོ་རང་སྐྱོང་ལྗོངས་འབྱུང་འཕྲོད་བཟའ་བཅའ་གཞུང་ལས་ཁང་གིས་པ་སྣམ་རྫོང་འབྱུང་འཕྲོད་སྔོ་ཚལ་གོང་འཕེལ་ཚད་ཡོད་ཀུང་སི་དེ་གནོད་མེད་ཞིང་ལས་ཐོན་རྫས་ཀྱི་ཚོད་ལྟ་བྱེད་ཡུལ་ཞིག་ལ་རྩིས་ནས་ཀུང་སི་དེའི་བྱེད་པོའི་ཐོབ་ཐང་དང་ཐོན་སྐྱེད་ཁུལ་གྱི་གཞི་ཁྱོན།  ཐོན་སྐྱེད་དོ་དམ།  རེ་ཞུའི་དཔྱད་གཞི་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་རྒྱུ་མ་ཟད།  ཀུང་སི་དེས་རེ་ཞུ་བྱས་པའི་ཞིང་ལས་ཐོན་རྫས་ཁག ༣༢ ལ་ཁས་ལེན་གྱི་གོ་རིམ་ལ་ནན་པོར་གཞིགས་ཏེ་རེ་ཞུའི་དཔྱད་གཞིའི་ཐོག་མའི་དཔྱད་ཞིབ་དང་ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་བརྟག་དཔྱད།  ས་གནས་ས་ཐོག་གི་ཞིབ་བཤེར།  ཐོན་རྫས་དང་ཐོན་སྐྱེད་ཁོར་ཡུག་གི་ཟུར་འཐེན་བརྟག་དཔྱད།  རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་བཅས་བྱེད་རྒྱུ་རེད། 

རང་སྐྱོང་ལྗོངས་འབྱུང་འཕྲོད་བཟའ་བཅའ་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧའེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན།  བོད་ལྗོངས་ཀྱིས་གནོད་མེད་ཞིང་ལས་ཐོན་རྫས་ཀྱི་འཛད་སྤྱོད་བདེ་འཇགས་འགན་སྲུང་བྱས་ཏེ།  དམངས་ཀྱི་དགོས་མཁོ་སྐོང་བའི་གོང་འཕེལ་ལས་འགན་དང་དམ་པོར་བསྟུན་ནས་སྤུས་ཚད་བདེ་འཇགས་ལ་སྣང་ཆེན་བྱས་ཏེ་ཚོད་ལྟའི་ཐོག་ནས་གནོད་མེད་ཞིང་ལས་ཐོན་རྫས་ཁས་ལེན་ལ་སྐུལ་སྤེལ་གཏོང་རྒྱུ་དང་།  ཐོན་རྫས་རྐྱང་མའི་བདེ་འཇགས་འགན་སྲུང་བྱེད་པ་ནས་རྟེན་གཞིའི་ཐོན་སྐྱེད་བརྒྱུད་རིམ་གྱི་བདེ་འཇགས་ཚོད་འཛིན་བྱེད་རྒྱུར་འགྱུར་བ་གཏོང་བ་དང་།  ཐོན་རྫས་ཚད་ལོན་རང་བཞིན་གྱི་དཔྱད་དཔོག་གཏན་འཁེལ་ནས་ཐོན་སྐྱེད་བྱེད་པོའི་ཕྱོགས་བསྡུས་རང་བཞིན་གྱི་དཔྱད་དཔོག་ལ་འགྱུར་བ་བཏང་སྟེ།  བོད་ལྗོངས་ཀྱི་གནོད་མེད་ཞིང་ལས་ཐོན་རྫས་གོང་འཕེལ་གྱི་མྱུར་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་མཐོར་གཏོང་ཡོང་བ་བྱེད་རྒྱུ་དང་།  དེང་སྐབས་གནོད་མེད་ཞིང་ལས་ཐོན་རྫས་ཁས་ལེན་དང་ཐོན་སྐྱེད་ཁུལ་ཁས་ལེན་གཅིག་འཐུས་ཀྱི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།