ཝུའུ་དབྱིང་ཅེས་དམངས་གཉེར་ཁེ་ལས་ལ་བརྟག་ཞིབ་གནང་བ།

W020181115405740595362.jpg

ཟླ11ཚེས13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གསུམ་བདུན་དངོས་གཉེར་ཁེ་ལས་ཚད་ཡོད་ཀུང་སི་དང་། ཁེ་ལས་ཀྱི་འགན་འཁུར་བ། ལས་མི་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས་རྒྱུན་ཆད་མེད་པར་དམངས་གཉེར་དཔལ་འབྱོར་ལ་དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དེ་དམངས་གཉེར་དཔལ་འབྱོར་གྱི་གསར་གཏོད་ནུས་པ་འདོན་སྤེལ་དང་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་འཇིགས་ཡོན་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

བོད་ལྗོངས་གྲོང་འཕེལ་པད་མ་མཆོག་ནོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་རྫ་ཆས་ཐོན་སྐྱེད་བྱེད་མཁན་ཞིག་དང་ཕུལ་བྱུང་གི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་མཁན་གྱི་ཀུང་སི་ཞིག་རེད། འགྲེམས་ཁང་ནང་གི་ཀུང་སིས་ཐོན་སྐྱེད་བྱས་པའི་རྫ་ཆས་ཀྱི་བཟོ་ལྟ་སྣ་ཚོགས་དང་སྤུས་ཀ་དག་པོ་ཡོད། ཝུའུ་དབྱིང་ཅེ་དང་བཅས་པས་རྫ་བཟོའི་བརྒྱུད་རིམ་དང་དེ་བཞིན་ཁེ་ལས་འཕེལ་རྒྱས་ཀྱི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཝུའུ་དབྱིང་ཅེས་ཕེབས་ཀྱིན་གཟིགས་ཀྱིན་དུ་བཟོ་རྩལ་དང་ཐོན་ཟོག་གི་བྲིན་ཚོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལོ་སྟོད་དུ་ཀུང་སིར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་200ལྷག་བྱུང་བ་དང་ཀོང་ཀྲོའུ་ཚོང་འདུས་སུ་ཨ་སྒོར་ཁྲི་207རི་བའི་མངགས་ཐོ་རག་པ་མཁྱེན་སྐབས་ཝུའུ་དབྱིང་ཅེས་ཀུང་སིས་རྫ་བཟོའི་སྒྱུ་རྩལ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས། ཡུལ་སྐོར་བཅས་ཕན་ཚུན་མཉམ་འདྲེས་ཐུབ་པ་བྱས་ནས་མིང་གྲགས་ཀྱི་སྤུས་རྟགས་གཏོད་པ་དང་། ཁྲོམ་ར་གསར་འབྱེད་ཀྱིས་ཐོན་འཕར་ཕན་འཕར་ཡོང་བ་དང་ཆབས་ཅིག མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

བོད་ལྗོངས་གྲོང་འཕེལ་པད་མ་མཆོག་ནོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དབར་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་འབྲེལ་བ་བཙུགས་པ་དང་། ཐང་གའི་འཛིན་གྲྭའི་སློབ་མ་ཚོས་བློ་གཅིག་སེམས་གཅིག་གིས་ཐང་ག་བཞེངས་བཞིན་ཡོད། ཝུའུ་དབྱིང་ཅེས་དགེ་སློབ་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་བརྟེན་ས་དང་། སེམས་ཁམས་ཀྱི་ཞིང་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཞིག་རེད། ཚང་མས་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བ་དང་། མི་རིགས་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ལ་ཤུགས་སྣོན་རྒྱག་པ་དང་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། སློབ་སྦྱོང་ཡག་པོ་དང་འཇོན་ཐང་འཕེལ་བ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་མཁན་གྱི་ལག་ལེན་པ་ཞིག་དང་། བོད་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག ཀྲུང་ཧྭའི་རིག་གནས་ཀྱི་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་མཁན་ཞིག་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ད་དུང་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཁོང་ཚོའི་བསམ་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། “གཉིས་གཏོད”ཀྱི་རླབས་རྒྱུན་ནང་ཞུགས་ནས་མི་ཚེའི་རིན་ཐང་མངོན་པ་བྱས་ཏེ་མཐོ་སློབ་སློབ་མ་དེ་བས་མང་བ་ལས་གཏོད་གསར་གཏོད་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད། ཝུའུ་དབྱིང་ཅེས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པར་ཐུགས་ཁུར་དགའ་གཅེས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོའི་དཀའ་ངལ་སེལ་ནས“གཉིས་གཏོད”ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

བརྟག་ཞིབ་གནང་སྐབས། ཝུའུ་དབྱིང་ཅེས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་དམངས་གཉེར་དཔལ་འབྱོར་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་མཁན་བཅས་ཀྱི་བྱེད་པོ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། “འགྱུར་མེད་གསུམ”གྱི་ཆོད་སྡོམ་གལ་ཆེན་ལ་གོ་བ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ངེས་ཤུགས་རྒྱུན་འཁྱོངས། ཡིད་ཆེས་བརྟན་གཏོང་བཅས་བྱས་ཏེ་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ཁུངས་ལེགས་ཆ་འདོན་སྤེལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འཆར་འགོད་བྱེད་དགོས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་བརྟེན་ནས་མ་གནས་དམའ་རུ་གཏོང་བའི་བྱ་སྤྱོད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་དང“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཁྲལ་གྲོན་ཁུར་བུ་ཡང་དུ་གཏོང་དགོས་པ། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐེབས་རྩ་འཛུགས་རྒྱུར་འཚོལ་ཞིབ། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ལ་ཤུགས་སྣོན། མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་བྱེད་དགོས་པ། སྒྲིག་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་བ་དང་ཁེ་ཕན་གྱི་བཀག་རྒྱ་ལས་བསྒྲལ་ཏེ་སྤྱི་ཚོགས་མ་གནས་ཀྱི་གསོན་ཤུགས་འཕེལ་བ་དང་ཁྲོམ་རའི་འཇུག་འཐུས་ལྷུག་ཏུ་བཏང་སྟེ་དམངས་གཉེར་ཁེ་ལས་ལ་གཞུང་དྲང་གི་འགྲན་རྩོད་ཁོར་ཡུག་གཏོད་དགོས་པ། སྲིད་ཚོང་བར་གྱི་ཉེ་གཙང་འབྲེལ་བ་གསར་པ་ཧུར་ཐག་འཛུགས་པ་དང་སྤྱི་པའི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྐྲུན་ནས་དུས་ཐོག་ཏུ་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་དང་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱིས་ལས་མི་བསྡུ་བའི་ལེགས་ཆ་སྔར་བས་འདོན་སྤེལ་དང་ལས་མི་བསྡུ་རྒྱ་ཆེ་རུ་གཏོང་དགོས་པ། ཆ་འཕྲིན་ཅན་འཛུགས་སྐྱོང་གི་གྲུབ་འབྲས་གང་ལེགས་སྤྱད་ནས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་བྱང་ཚད་མཐོ་བའི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་གཉེར་ཁེ་ལས་ཀྱིས་བཟོ་རྩལ་ལེགས་སུ་གཏོང་རྒྱུ་དང་། སྤུས་འཕར་འབབ་འཕར། རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་བཅས་ལ་རོགས་རམ་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།