མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་དགའ་འོས་པའི་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་།  མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  མངའ་རིས་ས་ཁུལ་གྱིས་སྔ་རྗེས་སུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་དཔྱད་ཞིབ་དང་།  གོ་གནས་བསྐོ་འཐེན་སྐབས་སུ་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར།  སྐྱེ་ཁམས་ཁོར་ཡུག་གི་གྱོང་གུན་འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་དང་།  ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་ཏེ།  ཆུ་བོ་དང་མཚེའུ་ཁག33གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་དོན་སྤེལ་བ་དང་།  རང་རྟོགས་ངང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ལྟ་ཞིབ་མཛུབ་ཁྲིད་དང་ལེན་བྱས་ཏེ།  མང་ཚོགས་ནས་བཏོན་པའི་ཁོར་ཡུག་ཐད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།

མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར16ལྷག་ཙམ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས150གཅིག་གྱུར་འཆར་འགོད་ཐོག་ལག་ལེན་བསྟར་བ་དང་།  རྒྱལ་ཁོངས་ལྗང་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ལོ་གཉིས་ནང་མ་དངུལ་སྒོར་དུང་ཕྱུར1.3བཏང་སྟེ།  སེང་གེ་ཁ་འབབ་གྲོང་རྡལ་ལྗང་འགྱུར་ལས་གཞི་དང་ལས་ཁུངས་ཚན་པའི་སྒོ་ར་ལྗང་འགྱུར་ལས་དོན་སྤེལ་བ་དང་སྡོང་ཕྲུག་རྐང་ཁྲི་ཚོ19ལྷག་ཙམ་བཏབ་པ།  དུད་ཚང་ཚང་མའི་ཉེ་འགྲམ་དུ་ཤིང་འཛུགས་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་སྤྱི་ལོ2018ལོར་རྫོང་བདུན་གྱིས་སྡོང་ཕྲུག་རྐང་ཁྲི་ཚོ26ལྷག་ཙམ་བཏབ་པ་དང་།  གྲོང་ཚོ26གི་དུད་ཚང4320ཚང་མའི་ཉེ་འགྲམ་དུ་ཤིང་བཙུགས་པ།  སྐྱེ་ཁམས་དཔེ་སྟོན་གསར་གཏོད་བྱེད་སྒོ་ཏན་ཏིག་སྤེལ་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་དྲུག་དང་སྐྱེ་ཁམས་གྲོང་ཚོ82བཏོད་པ།  མངའ་རིས་ས་ཁུལ་གྱིས་ས་ཆ་བྱེ་འགྱུར་དང་ས་ཆུ་ཤོར་བ།  ས་གཤིས་གནོད་འཚེ།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ།  རླུང་ཁམས་ཆེ་མོ་དང་ཆུ།  ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ཆེན་པོ་གསུམ་གྱི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་།  གནས་རི་དང་བླ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གད་སྙིགས་དང་སྦགས་བཙོག་གཙང་སེལ་བཅོས་སྒྲིག་ནུས་ལྡན་ཐུབ་ཡོད།

མངའ་རིས་ས་ཁུལ་གྱིས་ས་ཁུལ་དེ་ཡོངས་སུ་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི46.4ཟིན་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་དང་།  རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཞི་སྐྲུན་པ་དང་།  སྲུང་སྐྱོང་ཁུལ་ནང་གི་སྒྲིག་འགལ་ཁྲིམས་འགལ་གྱི་འཛུགས་སྐྲུན་གཙང་སེལ་བཅོས་སྒྲིག་བྱས་པས།  གཙོད་དང་འབྲོང་།  རྐྱང་སོགས་རྩ་ཆེའི་རི་འཁྱར་སྲོག་ཆགས་རྒྱུན་ཆད་མེད་པར་རིགས་རྒྱུད་ཤུགས་ཆེ་འཕེལ་བཞིན་པ་དང་།  མ་ཕམ་གཡུ་མཚོ་དེ་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རིམ་སྤོར་ཟིན་པ།  བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ལམ་སྲོལ་བསྒྱུར་བཅོས་ཟིན་པ་དང་།  སྐྱེ་ཁམས་ཁོར་ཡུག་ནུས་པའི་ཁུལ་གྱི་འཆར་འགོད་སྒྲིག་ཁོངས་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཏན་འཁེལ་ལས་དོན་སྤེལ་འགོ་ཚུགས་པ་བཅས་རེད།

མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.64དོན་འཁྱོལ་ཟིན་པ་དང་།  སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དང་ཟུང་འབྲེལ་བྱས་ཏེ།  སྐྱེ་ཁམས་ཁ་གསབ་ཀྱི་དབུལ་གྲོལ་ལས་གནས30000ལྷག་ཙམ་བཀོད་སྒྲིག་བྱས་པ་དང་ལོར་མི་རེར་ཆ་སྙོམས་ཁ་གསབ་སྒོར3500ཟིན་པ།  གནས་སྤོས་དབུལ་སྐྱོར་དང་ས་བབ་མཐོ་བའི་སྐྱེ་ཁམས་ལ་གཞིགས་པའི་གནས་སྤོའི་ལས་གཞི་ཤུགས་ཆེ་སྤེལ་བས།  གནས་སྤོའི་ཁུལ་གྱི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཐུབ་ཡོད་ལ་གནས་སྤོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡང་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།