རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ལ་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས20ཉིན་གྱི་དགོང་མོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྨན་གླིང་རྫོང་ཕད་གྲོང་རྡལ་དུ་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ནས་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའི་མཛུབ་སྟོན་གྱི་བླང་བྱ་ལྟར་རང་ལྗོངས་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།

རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་གཞོན་པ་ཀྲུང་གོ་ས་ཡོམ་ཅུས་ཀྱི་ཅུས་ཀྲང་ཀྲེན་གོ་ཀོང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཧྲི་མོའུ་ཅུན་དང་། ཀུའོ་ལན། ངག་དབང་རྡོ་རྗེ། དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གི་ཁོངས་མི་བཅས་ཚོགས་འདུར་ཞུགས་པ་རེད།

འབྲེལ་ཡོད་ཀྱི་གནས་ཚུལ་སྙན་སེང་གསན་རྗེས། ཆེ་དགྲ་ལྷས་འཇོ་མདའ་རྫོང་སྤོ་ལོ་ཤང་དང་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་ཉེན་སེལ་གེགས་སེལ་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། གེགས་བར་ཐོན་རྗེས་འབྲེལ་ཡོད་ཕྱོགས་ཁག་གིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་འཕྲལ་མར་ཉེན་སེལ་རོགས་སྐྱོབ་བྱས་ཏེ་སྒྲིག་འཛུགས་གོ་རིམ་ལྡན་པ་དང་། བཀོད་འདོམས་ཀྱི་བྱ་ཐབས་ལེགས་པ། ཁ་གཏད་གཅོག་པར་ཕན་འབྲས་ཐོན་པ་བཅས་ཡོད་པས་གེགས་ཁུལ་དུ་མི་སྣ་ཤི་རྨས་བྱུང་མེད་པ་དང་། དམངས་སེམས་བདེ་ལ་འཁོད་པ། སྤྱི་ཚོགས་བརྟན་ལྷིང་བཅས་བྱུང་ཡོད། དེ་ལྟ་བུའི་གྲུབ་འབྲས་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་ཨན་ནེང་འཛུགས་སྐྲུན་ཀུང་སི་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་གྱི་དཀའ་སྤྱད་བློས་གཏོང་། ཏང་སྲིད་དམག་ཉེན་དམངས་ཀྱི་ཕྱར་བ་གྲུ་འདེགས་བཅས་དང་ཡང་ཁ་འབྲལ་ཐབས་མེད་ཅེས་གསུངས། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་འཕྲལ་སྡོམ་ཉེན་སེལ་གྱི་ལས་དོན་ནང་ཞུགས་མཁན་རྒྱལ་ཁབ་ཀྱི་པུའུ་ཨུད་ཁག་དང་ཕྱོགས་ཁག་གི་སྟོབས་ཤུགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། གེགས་ཁུལ་གྱི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ་རེད། 

ཆེ་དགྲ་ལྷས། བོད་ནི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཐོན་སླ་བ་དང་མང་པོ་ཐོན་པའི་རང་སྐྱོང་ལྗོངས་ཤིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”བརྟན་པོ་བཅངས་ནས་གེགས་འགོག་གེགས་སེལ་གེགས་སྐྱོབ་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། སྤྱི་ཁྱབ་ཧྲུའུ་ཅིའི“མཐའ་འཁྱོངས་དྲུག”གི་མཛུབ་སྟོན་བླང་བྱ་ལྟར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། “གནོད་འཚེའི་ཉེན་ཁར་བརྟག་དཔྱད་དང་གཙོ་གནད་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར། གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་གྱི་སྣོད་བཅུད་སླར་གསོ། ས་ཡོམ་མང་པོ་རྒྱག་ཁུལ་གྱི་ཁང་པའི་སྒྲིག་བཀོད་བརྟན་དུ་གཏོང་བ། འབྲུབ་འགོག་ཐན་འགོག་གི་ཆུ་བེད་མཐོ་རུ་གཏོང་བ། ས་གཤིས་གནོད་འཚེའི་ཕྱོགས་བསྡུས་བཅོས་སྐྱོང་དང་ཉེན་གཡོལ་མང་ཚོགས་ཀྱི་གནས་སྤོ། འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་འཛུགས་སྐྲུན། རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་ཆ་འཕྲིན་ཅན། རང་བྱུང་གནོད་འཚེའི་འགོག་བཅོས་ལག་རྩལ་གྱི་སྒྲིག་བཀོད་དེང་རབས་ཅན”བཅས་གཙོ་གནད་འདུ་འགོད་བརྒྱད་ལག་ལེན་ཤུགས་ཆེན་བསྟར་ནས་རང་ལྗོངས་ཀྱི་གེགས་འགོག་གེགས་སེལ་གེགས་སྐྱོབ་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།