ཆབ་མདོའི་རི་ཉིལ་རང་བྱུང་གནོད་འཚེའི་གེགས་སེལ་ལས་ཀར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས16ཉིན་ཆབ་མདོ་གྲོང་ཁྱེར་འཕྲལ་སྒྲུབ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  འཇོ་མདའ་རྫོང་འབོ་ལོ་ཤང་མངའ་ཁོངས་སུ་རི་ཉིལ་ཏེ་ཆགས་པའི་འབྲི་ཆུའི་འགག་འཁྱིལ་མཚོ་ཆུ་བཤངས་ཚད་དོ་སྙོམས་བྱུང་ནས།  བོད་ལྗོངས་ཁོང་སུ་འབྲི་ཆུ་རྒྱུགས་ཁུལ་གྱི་ཆུ་རྒྱུགས་ཚད་རྒྱུན་ལྡན་ལྟར་བྱུང་པ་དང་ཉེན་ཁ་མྱུར་སེལ་དང་གེགས་སེལ་ལས་ཀར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།  གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པའི་བར་འབོ་ལོ་ཆུ་དཔྱད་ས་ཚིགས་ཀྱི་ཆུ་ཁ་སྤྱི་ཁྲེ33.41དམའ་རུ་ཕྱིན་ཡོད།  སྤྱི་ཚེས13ཉིན་གྱི་མཐོ་རེངས་འབོ་ལོ་ཆུ་དཔྱད་ས་ཚིགས་ཀྱིས་བརྟག་དཔྱད་ཐུབ་པའི་ཆུ་ཁ་སྤྱི་ཁྲེ2946ལྷག་ཙམ་ཟིན་མྱོང་ཡོད་པ་དེ་ད་ཐེངས་ཀྱི་རང་བྱུང་གནོད་འཚེའི་ཁྲོད་ཐོན་པའི་ཆུ་ཁ་མཐོ་ཤོས་ཀྱི་ཚད་དེ་ཡིན།

ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚེས15ཉིན་གྱི་ཕྱི་དྲོ་ཚོགས་པའི་བཅུ་པའི11ཉིན་གྱི་འབྲི་ཆུའི་རི་རུད་ཀྱི་ཚབས་ཆེའི་རང་བྱུང་གནོད་འཚེའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉེན་ཁ་མྱུར་སེལ་གྱི་བྱ་ཐབས་ཁག་ནུས་ལྡན་བཟུང་སྟེ་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བྱས་པས་མི་སྣ་ཤི་རྨས་བྱུང་མེད་པ་དང་།  འཐབ་ས་མདུན་མའི་བཀོད་འདོམས་པུའི་གཅིག་འགྱུར་བཀོད་སྒྲིག་འོག་སྤྱི་ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དགུ་པའི་ཐོག་འཇོ་མདའ་རྫོང་མཁར་སྒང་ཤང་སེར་ཚ་གྲོང་ཚོ་ནས་འབོ་ལོ་ཤང་ལེབ་མ་གྲོང་ཚོའི་བར་གྱི་སྤྱི་ལེ་བརྒྱད་ཡོད་པའི་རྐང་ལམ་ཤར་གཏོང་ཐུབ་སྟེ།  གེགས་སྐྱོབ་དངོས་ཟོག་སྐྱེལ་འདྲེན་དང་མི་སྣ་གནས་སྤོ་བྱེད་རྒྱུར་སྟབས་བདེ་སྐྲུན་པ་དང་།  དེང་སྐབས་བཀོད་སྒྲིག་བྱེད་གནས་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་དགོས་མཁོ་འགན་སྲུང་ཐུབ་པ་མ་ཟད།  སློབ་མ་ཁག་ཅིག་བཀོད་སྒྲིག་བྱེད་གནས་དང་ཐག་ཉེ་བའི་སློབ་གྲྭར་བཀོད་སྒྲིག་བྱས་ཡོད།  རང་སྐྱོང་ལྗོངས་ནས་མ་དངུལ་སྒོར་ཁྲི་ཚོ5700བཏང་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་གུར་དང་མལ་ཆས།  སྲིན་བལ་གྱི་གྱོན་གོས།  ཉལ་ཁྲི་ལྟེབ་མ།  གློག་འདོན་འཕྲུལ་འཁོར་སོགས་སྤྲད་པ་དང་།  བཀོད་སྒྲིག་བྱེད་གནས་ཁག་ཏུ་སྨན་བཅོས་ཞབས་ཞུ་བྱེད་གནས ༣༢ བཙུགས་ཏེ་བསྐོར་སྐྱོད་སྨན་བཅོས་ཞབས་ཞུ་སྒྲུབ་པ་མ་ཟད།  རིམས་ནད་ལྟ་ཞིབ་ཚད་ལེན་དང་བཟའ་བཅའི་འཕྲོད་བསྟེན་དོ་དམ་ལ་ཤུགས་སྣོན་རྒྱབ་པ།  འཐུང་ཆུར་ཞིབ་བཤེར་ཚད་ལེན་དང་དུག་སེལ་བྱེད་པའི་ལས་དོན་ཡག་པོ་སྤེལ་བ།  དུས་ཐོག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་དང་སེམས་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་སོགས་བྱས་པས།  དེང་སྐབས་གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་དང་བདེ་འཇགས་ལྡན་པ།  འཚོ་བ་རྒྱུན་ལྡན།  དམངས་སེམས་ལྷིང་ལ་བབ་པ་བཅས་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།