ཆབ་མདོ་གྲོང་ཁྱེར་གྱིས“10·11”རི་ཉིལ་བའི་རང་བྱུང་གནོད་འཚེའི་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས“10·11”འཇོ་མདའ་རྫོང་གི་འབྲི་ཆུ་འབབ་ཁུལ་དུ་རི་ཉིལ་བའི་རང་བྱུང་གནོད་འཚེ་ཚབས་ཆེན་ཐོན་པའི་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་ཉེན་སེལ་གེགས་སེལ་སྐོར་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་རེད།

གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ10ཚེས15ཉིན་གྱི་ཆུ་ཚོད་དགུ་པའི་བར་དུ་སྤོ་ལོ་ཆུ་དཔྱད་ས་ཚིགས་ཀྱི་ཆུ་ཁ་མཐོ་ཤོས་སྨི2946.07ནས་སྨི2913.80བར་དམའ་རུ་སོང་བ་དང་རིམ་རྩིས་བྱས་ན་སྨི32.27ཆག་པ་དང་། རི་ཉིལ་བའི་དུམ་བུའི་ཆུ་སྟོད་ཀྱི་སྐམ་ཐོག་ཆུ་དཔྱད་ས་ཚིགས་སུ་ཆུ་བབ་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ1220ཟིན་པ་དང་། ཆུ་སྨད་ཀྱི་གཡེར་པ་གྲམ་ཐང་ཆུ་དཔྱད་ས་ཚིགས་སུ་ཆུ་འབབ་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ1840ཟིན་པ། འབའ་ཐང་ཆུ་དཔྱད་ས་ཚིགས་སུ་ཆུ་འབབ་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ1860ཟིན་པ། འཁྱིལ་མཚོ་ནས་ཆུ་འབབ་ཚད་དོ་སྙོམས་པ། ཆུ་འཁྱིལ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི5000ཙམ་ཟིན་པ། འབྲི་ཆུའི་བོད་ཀྱི་ས་ཁོངས་ཀྱི་གནས་ཚུལ་རྩ་བའི་ཆ་ནས་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད། འཕྲལ་སྡོམ་ཉེན་སེལ་བྱེད་ཐབས་ནུས་ལྡན་སྤྱད་དེ་མང་ཚོགས་དུས་ཐོག་ཏུ་ཕྱིར་འཐེན་བྱས་པས་ད་རེས་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་ལ་མི་ཤི་རྨས་བྱུང་མེད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་མི་ཁྲི་གཅིག་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་གེགས་སེལ་བྱས་ཤིང་། མིག་སྔར་ཉེན་སེལ་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག ཟླ10ཚེས13ཉིན་གྱི་ཆུ་ཚོད་ཉེར་གཅིག་ལ་འཇོ་མདའ་རྫོང་མཁར་སྒང་ཤང་སེར་ཚ་གྲོང་ཚོ་ནས་སྤོ་ལོ་ཤང་མ་ལེ་གྲོང་ཚོ་བར་གྱི་གཞུང་ལམ་སྤྱི་ལེ8མྱུར་དུ་བཤངས་པ་བརྒྱུད། ཤར་གཏོང་ཐུབ་ནས་གེགས་སེལ་དངོས་ཟོག་སྐྱེལ་འདྲེན་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བྱུང་བ་དང་། མིག་སྔར་བཀོད་སྒྲིག་ས་ཚིགས་ཚང་མའི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཀྱི་དགོས་མཁོ་འགན་ལེན་བྱུང་བ་མ་ཟད། ད་དུང་སློབ་མ་ཁག་གཅིག་བཀོད་སྒྲིག་ས་ཚིགས་ཉེ་འཁོར་གྱི་སློབ་གྲྭར་སློབ་ཚན་འཚོག་པའི་བཀོད་སྒྲིག་ཀྱང་བྱས་པ། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི5700ཛ་དྲག་ངང་བཀོད་སྒྲིག་བྱས་པ་དེ་དག་ཉེན་སེལ་གེགས་སེལ་ལས་དོན་སྤེལ་བར་བཏང་ཞིང་། དེའི་ནང་སྒོར་ཁྲི2400གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་ལ་སྤྱད་པ་དང་སྒོར་ཁྲི2600གེགས་ཁུལ་གྱི་གཞུང་ལམ་ཉེན་སེལ་ཤར་བགྲོད་ལ་སྤྱད་པ། གེགས་ཁུལ་གྱི་མང་ཚོགས་ལ་གུར1500ལྷག་ཙམ་དང་། ཕོ་ཁེབས6830 སྲིང་བལ་བར་ཚངས་ཀྱི་གྱོན་གོས2166 སྲིང་བལ་བར་ཚངས་ཀྱི་གདན2050 བཞའ་འགོག་གདན918 ལྟེབ་ཁྲི811 གློག་གཏོང་འཕྲུལ་ཆས32སོགས་སྤྲད་པ། བཀོད་སྒྲིག་ས་ཚིགས་ཁག་གི་ཉེ་འཁོར་དུ་སྨན་བཅོས་ཞབས་ཞུའི་ས་ཚིགས32བཙུགས་ནས་སྐོར་སྐྱོད་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་བཞིན་ཡོད། མིག་སྔར་ཉེན་སེལ་གེགས་སེལ་གྱི་ལས་དོན་སྔར་བཞིན་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།