ལྗོངས་ཏང་ཨུད་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཏེ་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་རི་ཉིལ་བའི་ཐད་ཀྱི་འཕྲལ་སྡོམ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཛ་དྲག་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ། ཆབ་མདོ་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། ད་དུང་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་རི་ཉིལ་བའི་ཐད་ཀྱི་འཕྲལ་སྡོམ་ལས་དོན་སྐོར་བསྐྱར་དུ་ནན་བཤད་དང་བསྐྱར་དུ་བཀོད་སྒྲིག་གནང་བ་རེད། ཝུའུ་དབྱིང་ཅེས་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་བཞིན་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་སྦྲགས་ཚང་མར“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གོ་བ་ལེན་པ། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་མཐའ་གཅིག་ཏུ་གཞིགས་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་གེགས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྲང་ཞུའེ་ཅེ་དང་། ནོར་བུ་དོན་གྲུབ། ཝང་གཡུང་ཅུན། ཙེང་དབན་མིང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། རྒྱལ་མཚན། ཀྲང་ཡུང་ཙེ། ངག་དབང་རྡོ་རྗེ། ལིའུ་གོ་རུང་། སུང་ཅིང་གོ་བཅས་ཚོགས་འདུར་ཕེབས་པ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་སྟོབས་ཤུགས་ཀྱིས་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་རིང་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་གནོད་འཚེ་ཐོན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ། འཕྲལ་མར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ལས་དོན་ཚོགས་ཆུང་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་ལས་དོན་ལ་མཛུབ་ཁྲིད་བྱེད་པར་དུས་ཐོག་ཏུ་མངགས་པ། འབྲེལ་ཡོད་སྡེ་ཚན་དང་གེགས་ཁུལ་གྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་རང་འགུལ་ངང་ཁ་གཏད་ཧུར་ཐག་བཅགས་ཏེ་མང་ཚོགས་ཛ་དྲག་ངང་ས་ཆ་གཞན་དུ་སྤོས་ནས་བཀོད་སྒྲིག་བྱས་པ། བོད་དམག་ཁུལ་ཁང་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སོགས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་ཟབ་བྱས་ཡོད། མིག་སྔར་གེགས་ཁུལ་གྱི་མང་ཚོགས་ཚང་མ་བདེ་འཇགས་ཁུལ་དུ་བཀོད་སྒྲིག་བྱས་པ་དང་ལས་དོན་ཁག་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་བཞིན་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཙུའུ་ཀྲང་གནང་བའི་འགོ་ཁྲིད་ཚོགས་ཆུང་འཛུགས་པ་དང་། འབྲེལ་ཡོད་བཀོད་འདོམས་སྒྲིག་གཞི་འཛུགས་པ། ལས་རེས་དང་ལས་སྒྲུབ་གྲ་སྒྲིག་ལམ་ལུགས་བཟོ་བ། འབྲེལ་ཡོད་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་མ་ཟད། ད་དུང་སྤྱི་འདོམས་དམ་འཛིན་དང་། ཐོན་ཁུངས་བསྡུ་སྒྲིལ། གཅིག་གྱུར་བཀོད་འདོམས། བཀའ་རྒྱ་དང་ལེན། གཞོགས་འདེགས་དམ་ཟབ། འགན་འཁྲི་གསལ་བཟོ་བཅས་བྱེད་པའི་ཐོག་ནས་ལས་དོན་ཁག་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག འབྲེལ་ཡོད་གྲོང་ཁྱེར་དང་། རྫོང་། ཤང་བཅས་ལ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཏང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་མཐོ་ཚད་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་ལས་དོན་ཁག་ནང་ཞུགས་པ། རྣམ་གཡེང་དང་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། གནས་ཚུལ་དེ་བས་རྙོག་འཛིང་ཆེན་པོ་འཕྲད་སྲིད་པའི་སྔོན་དཔག་བྱེད་པ། དཀའ་ངལ་དེ་བས་མང་པོ་འཕྲད་སྲིད་པའི་བསམ་ཚོད་བྱེད་པ། བྱེད་ཐབས་དེ་བས་འཐུས་ཚང་འགོད་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ། ཏན་ཏིག་ནུས་ལྡན་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་གཅིག་ནས་གེགས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ཉེན་ཁ་དང་ཛ་དྲག་ཆེ་སར་ཚེ་སྲོག་གི་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བསྐྱར་དུ་ལེབ་བཤེར་ཐེངས་གཅིག་བྱེད་པ། བདེ་འཇགས་འགོག་ཟོན་བྱེད་ཐབས་དུས་ཐོག་ཏུ་སྤྱོད་པ་བཅས་བྱས་ཏེ་དུད་ཚང་གཅིག་ཀྱང་མ་ལུས་པ་དང་། མི་གཅིག་ཀྱང་མ་ལུས་པ། མཐའ་གཅིག་ཏུ་བདེ་འཇགས་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ཆུ་མ་ཤོར་གོང་ནས་རགས་རྒྱག་དགོས། ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་། གང་ལ་དེ་འཚམ་གྱི་འཕྲལ་སྡོམ་ལམ་སྲོལ་སྤྱོད་འགོ་འཛུགས་པ། གེགས་སེལ་དངོས་ཟོག་དབོར་འདྲེན་ལ་དམ་འཛིན་ནན་པོ་བྱེད་པ། སྨན་བཅོས་འགན་སྲུང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། གེགས་སེལ་དངོས་ཟོག་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི་གྲ་སྒྲིག་ཨང་བསར་བྱེད་དགོས། གསུམ་ནས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་ཇུས་གཞི་འགོད་དགོས། རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་དང་སླར་གསོ་ཡོང་བར་བྱེད་པ་དང་། གློག་ཤུགས་སོགས་ཀྱི་སྒྲིག་ཆས་མཁོ་འདོན་ཧུར་ཐག་བྱེད་པ། འགྲིམ་འགྲུལ་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བཅས་བྱས་ཏེ་ཉེན་སེལ་གེགས་སེལ་ལས་དོན་སྤེལ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས། བཞི་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དོ་དམ་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ལྔ་ནས་ཆ་འཕྲིན་གཏོང་སྤེལ་བྱེད་ཤུགས་ཆེ་རུ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་གནོད་འཚེའི་གནས་ཚུལ་དང་ལས་དོན་སྤེལ་ཚུལ་དོན་དངོས་དང་མཐུན་ལ་བདེན་པ་བདེན་ཐུབ་ཀྱིས་དུས་ཐོག་ཏུ་ཁྱབ་བསྒྲགས་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ནུས་ལྡན་བྱེད་དགོས། དྲུག་ནས་ཕུགས་ལ་དམིགས་ཏེ་མང་ཚོགས་ཀྱི་བསམ་བློའི་ལས་དོན་ཡག་པོ་བསྒྲུབས་ནས་གེགས་ཁུལ་མང་ཚོགས་གནས་སྤོ་བཀོད་སྒྲིག་འཚམ་པོ་བྱེད་དགོས། བདུན་ནས་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གནོད་འཚེའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ། ཞོར་ཐོན་གནོད་འཚེ་ནན་འགོག་བཅས་བྱས་ཏེ་རང་བྱུང་གནོད་འཚེའི་ཉེན་ཁ་དང་གྱོང་གུན་ཕོག་ཚད་དམའ་རུ་གཏོང་གང་ཐུབ་བྱེད་དགོས། བརྒྱད་ནས་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱས་ནས་ཉེན་སེལ་གེགས་སེལ་ལས་དོན་རང་འགུལ་དང་ཧུར་ཐག་སྤེལ་དགོས། དགུ་ནས་འགྲིམ་འགྲུལ་སོགས་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་སྟེ་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས། བཅུ་ནས་ཆ་འཕྲིན་ཐོག་ནས་འབྲེལ་གཏུག་བྱེད་ལམ་ཤར་གཏོང་ཐུབ་པ་བྱེད་པ་དང་ཁྱིམ་མཚེས་ཞིང་ཆེན་དང་གཞོགས་འདེགས་རོགས་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་ལས་དོན་ཁག་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་པར་འགན་འཁུར་ལས་སྒྲུབ་བྱ་རྒྱུའི་ལྕག་སྐུལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཏང་ཡོན་ལས་བྱེད་པས་འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། འགག་རྩའི་དུས་སུ་ལངས་ཕོད་པ་དང་མདུན་དུ་ཤོར་ཕོད་པ་བྱེད་པ། དཀའ་ཉེན་ལ་མི་སྐྲག་པ་དང་འགན་འཁྲི་ཕྲག་ཏུ་ཁུར་བ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ཀྱི་བརྟེན་སར་དངོས་འབྲེལ་འགྱུར་བ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་པ་དང་། ཏང་སྲིད་རྩ་འཛུགས་དང་། གྲོང་སྡོད་དགོན་སྡོད་ལས་བྱེད་པ། གཉིས་ལྡན་དུད་སྦྲེལ་དང་སློབ་གསོའི་སྡེ་ཚན། སློབ་གྲྭ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། མང་ཚོགས་དང་། གྲྭ་བཙུན། སློབ་མ། དེ་བཞིན་ཡུལ་སྐོར་བ་དང་ཕྱི་ནས་ཡོང་བའི་ལས་སྒྲུབ་མི་སྣ་སོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་པ། བསམ་བློའི་སློབ་གསོ་ཁྲིད་སྟོན་ལས་དོན་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། ཚང་མར་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཁག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་ཡང་བྱེད་པ་བཅས་ཀྱི་ཐོག་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།