བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ལམ109ཡི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རྒྱལ་ལམ109ཡི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ(ཚོད་འཛིན་རང་བཞིན)བསྐྱར་སྐྲུན་ལས་གྲྭའིK3839+500དང་ཡངས་པ་ཅན་ནས་གཞིས་རྩེའི་སྟག་གྲུ་ཁ་བར་གྱི་ལམ་དུམ་གྱི་ཨར་ལས་ཁུལ་དུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་དང་སྔོ་འགྱུར་གནས་ཚུལ་ལ་གཟིགས་པ་མ་ཟད། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཨར་ལས་ལས་དོན་མི་སྣར་གཟིགས་པ་དང་སྦྲགས་ཁོང་ཚོ་དང་བྱམས་བརྩེའི་བཀའ་མོལ་ཡང་གནང་སྟེ་ཟླ་མཆོད་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

རྒྱལ་ལམ109ཡི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ(ཚོད་འཛིན་རང་བཞིན)བསྐྱར་སྐྲུན་ལས་གྲྭK3839+500ཡི་ལམ་དུམ་གྱི་ལམ་གཞིའི་ཨར་ལས་ཁུལ་དུ་ཅང་ཅེས་རྣམ་གྲངས་འགན་འཁུར་བ་དང་དེ་བཞིན་ལས་གྲྭའི་ལག་རྩལ་མི་སྣའི་ལས་དོན་སྙན་སེང་གསན་རྗེས། ཁོང་གིས་རྒྱལ་ལམ109ཡི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་ནི《རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད(2013ལོ་ནས་2030ལོའི་བར་གྱི)》G6པེ་ཅིང་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་ཡིན་པ་དང་། དེ་ནི་བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཞུགས་པ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེན་པོ་བསྐྲུན་པའི་བྱེད་སྟངས་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱལ་ཁབ་དང་བོད་ཀྱི་གཞུང་ལམ་དྲ་བའི་ཁྲོད་དུ་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། རྣམ་གྲངས་དེ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཞུང་ལམ་འཕེལ་རྒྱས་ཀྱི་འཆར་འགོད་ནང་ཚུད་པའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པས། གཞུང་ལམ་སྐྲུན་མཁན་ཚན་པས་ལས་གྲྭའི་སྤུས་ཚད་ཚོད་འཛིན་ནན་པོ་བྱས་ནས་ལས་འཛོལ་མི་ཐོན་པའི་སྔོན་འགོག་དང་མི་མངོན་པའི་རྐྱེན་ངན་དག་ཐེར་གྱི་ལས་དོན་བསྒྲུབ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཤིང་། ཁོང་གིས་ཨར་ལས་ཀྱི་སྤུས་ཚད་དང་ལས་ཕྱོད་འགན་ལེན་བྱེད་དགོས་པ་དང་དུས་མཚུངས་ས་མཐོའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལམ་རྒྱུད་ཀྱི་སྔོ་འགྱུར་མཛེས་བཟོའི་ལས་དོན་ཡག་པོ་སྒྲུབ་པ་དང་རྩྭ་འབྲུ་བསྲེས་འདེབས་སོགས་ཀྱི་བྱེད་སྟངས་བརྒྱུད་སྔོ་འགྱུར་དང་ས་ཆུ་སྲུང་འཛིན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ། ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཡངས་པ་ཅན་ནས་གཞིས་རྩེའི་སྟག་གྲུ་ཁ་བར་གྱི་ཨར་ལས་ཁུལ་དུ་ཅང་ཅེས་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཨར་ལས་ཀྱི་འཐབ་ས་མདུན་མར་ལས་ཀ་བྱེད་མཁན་ཚོར་ཡང་གཟིགས་ཤིང་། ཁོང་གིས་འཛུགས་སྐྲུན་བྱེད་མཁན་ཚན་པས་སྤུས་ཚད་དོ་དམ་གྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལས་གྲྭའི་སྤུས་ཚད་ཀྱི་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། སྔ་བར་ཕྱི་གསུམ་དུ་བདེ་འཇགས་ལས་དོན་དེ་ཨང་དང་པོར་འཇོག་པ་དང་ཨར་ལས་བདེ་འཇགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ལྡན་པའི་ལས་གྲྭ་དང་སྤུས་ཚད་ལེགས་པའི་ལས་གྲྭ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།