ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས5ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་70པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཐད་བསྐྱར་དུ་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ་བཅས་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་དུས་ཚོད་ལྡོག་རྩིས་ཀྱི་དུས་མཚམས་སུ་སླེབས་པ་དང་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཡང་ཆེས་འགག་རྩའི་དུས་མཚམས་སུ་སླེབས་པས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་བོད་ལྗོངས་འགྲེམས་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གཙོ་བོར་བརྩིས་ཏེ་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་སྤྱོད་ཚུལ་བཟང་པོ་མངོན་པའི་བྱ་སྤྱོད་ངོ་མར་འགྱུར་བ་བྱེད་པ་དང་ཡིད་ཆེས་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས། ཕྱོགས་ཡོངས་སྐུལ་སློང་། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་བོད་ལྗོངས་འགྲེམས་ཚོགས་བདེ་འཇགས་དང་བདེ་བླག་ངང་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་བོད་ལྗོངས་འགྲེམས་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་འགན་གཙོ་བོ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ཁག་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བདེ་འཇགས་བརྟན་ལྷིང་གི་ལྟེ་བའི་བླང་བྱ་དེར་དམ་པོར་དམིགས་ནས་གཙོ་གནད་འབུར་དུ་ཐོན་པ་དང་། འགག་རྩར་དམ་འཛིན། ནུས་ཤུགས་ཡོད་རྒུ་འདོན་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། ས་གནས་ས་ཐོག་གི་བདེ་འཇགས་འགན་ལེན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་བདེ་འཇགས་འགན་ལེན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་དང་ཞིབ་ཚགས་ཡོང་བ་བྱེད་དགོས། སྤྱི་ཚོགས་ཀྱི་ངོས་ལ་དོ་དམ་ཚོད་འཛིན་ཡག་པོ་བྱས་ཏེ་འབྱུང་རྩའི་བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་གཙོ་གནད་ཁུལ་དང་གཙོ་གནད་དམིགས་ཚད་ཀྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། སྤྱི་པའི་བདེ་འཇགས་འགན་ལེན་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ནི་ཐམས་ཅད་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན་བདེ་འཇགས། བཟའ་བཅའི་བདེ་འཇགས། རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་གསར་འགྱུར་དྲིལ་བསྒྲགས་སྡེ་ཚན་གྱིས་དྲང་ཕྱོགས་དྲིལ་བསྒྲགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་དྲིལ་བསྒྲགས་བྱེད་སྒོ་ཁག་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་གྱིས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་དང་སྒྲིག་ཁྲིམས་དོན་འཁྱོལ་ནན་པོ་བྱས་ཏེ་བཀོད་སྒྲིག་བྱེད་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“མ་བྱུང་སྔོན་འགོག་གི་རྩ་དོན་ཐོག་ནས་ལས་ཀ་བྱེད་པ་དང་། དོན་ཆེན་མ་ཐོན་སྔོན་འགོག་བྱས་ཏེ་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་མིན་དེ་ལས་བྱེད་པར་ལྟ་བའི་ཚད་གཞིར་འཛིན་པ”བཅས་ཀྱི་བླང་བྱར་གཞིགས་ཏེ་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་མཐའ་གཅིག་ཏུ་ཞུ་བ། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་འགྲེམས་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།