ད་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ8པའི་ཚེས26སྤེལ་འགོ་ཚུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས18ཉིན།  གསར་འགོད་པས་ད་ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པ་སྤྱི་ཟླ8པའི་ཚེས26ཉིན་ནས་སྤྱི་ཟླ9པའི་ཚེས1ཉིན་བར་གཞིས་རྩེ་གྲོང་ཁྱེར་དུ་གཏོང་རྒྱུ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན།  བདེ་སྐྱིད་ཀྱི་གཞིས་རྩེས་དུས་རབས་གསར་པར་འགྲོགས་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཧེ་ལུང་ཅང་ཞིང་ཆེན་ཧར་ཕིང་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་གཉེར་རྒྱུ་དང་།  གཞིས་རྩེའི་ཚོགས་ར་གཙོ་བོ་དེ་སྤྱི་ཟླ8པའི་ཚེས26ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་།  ཧེ་ལུང་ཅང་གི་བྱེད་སྒོ་དེ་སྤྱི་ཟླ9པའི་ཚེས14ཉིན་འགོ་འཛུགས་རྒྱུ་ཡིན་ཞིང་སྐབས་དེ་དུས་ཚོང་ཟོག་ཉོ་ཚོང་གི་གྲོས་མོལ་དང་ཡུལ་སྐོར་འོས་སྦྱོར།  མི་རིགས་མཐུན་སྒྲིལ་བཅས་ཀྱི་རིག་གནས་ཀྱི་སྟོན་མོ་གྲ་རྒྱས་བཤམ་རྒྱུ་རེད། 

ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་བྱེད་སྒོ་གཉེར་མཁན་གཙོ་བོས་ཨ་ཅེ་ལྷ་མོ་འཁྲབ་སྟོན་བྱེད་རྒྱུ་དང་།  རྫོང(ཆུས)18ཀྱི་བརྗོད་དོན་ཉིན་མོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་རྒྱུ་མ་ཟད།  ཇོ་མོ་གླང་མའི་ཕོ་ཉ་ཞེས་པའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་འདེམས་པའི་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་དང་།  ཇོ་མོ་གླང་མའི་ཞིམ་ཟས་དུས་ཆེན་སྐབས་དང་པོ།  བོད་ཀྱི་སྙན་ངག་དུས་ཆེན་སྐབས་དང་པོ།  རྐང་འཁོར་བཞོན་ཏེ་གྲོང་ཁྱེར་བསྐོར་བ་སོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།  

ཧར་པིང་དུ་འཚོག་རྒྱུའི་ཧེ་ལུང་ཅང་བྱེད་སྒོའི་གཟའ་འཁོར་ནང་གཞིས་རྩེའི་རིག་རྩལ་ལེ་ཚན་སྤུས་ལེགས་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་དང་།  གཞིས་རྩེའི་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་སྟོན།  གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན།  དཀྱིལ་འཁོར་བཞེངས་ཚུལ་འགྲེམས་སྟོན།  གཞིས་རྩེའི་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཁག15སྤེལ་ནས།  གཞིས་རྩེའི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་དང་སྤུས་ལེགས་སྒྱུ་རྩལ་སོགས་ཧར་པིང་གྲོང་ཁྱེར་གྱི་མང་ཚོགས་ཚོས་མྱོང་རོལ་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།