བོད་ལྗོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ།  གྲོང་ཁྱེར(ས་ཁུལ)ཁག་གི་དུས་མཚམས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་པ་མ་ཟད།  དེང་སྐབས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧེ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་ཡོད།

ཏིང་གཡས་ཤན་ནས་གྲོང་ཁྱེར(ས་ཁུལ)ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་ཏན་བྱས་ཏེ།  ཚན་རིག་དང་མཐུན་པའི་ནང་དོན་ལ་གོ་བ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་དགོས་པ་དང་།  བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ།  བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་སྒྲུབ་དགོས་པ།  རིམ་ཁག་ལས་བྱེད་པས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས་པ།  རིམ་ཁག་འབྲེལ་ཡོད་ཚན་པ་ཁག་དང་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།  མིག་དཔེ་བཟང་པོ་འདོན་དགོས་པ་བཅས་ཀྱི་ནན་གསུང་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་ཏིང་གཡས་ཤན་དང་བཅས་པ་ད་དུང་ལྷ་ལྡན་གཙུག་ལག་ཁང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།