མང་ཚོགས་དང་ཡུལ་སྐོར་བ་མང་པོས་ལྷ་སའི་ཞོ་སྟོན་དགའ་གཏོང་བྱེད་པ།

137389003_15342157115661n.jpg

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོ་མ་ལྷ་མོ་ཚོགས་པས་ལྷ་སའི་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་སྟོན་བྱེད་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གོས་སྐུ་ཞལ་མཇལ་དང་ཞོ་འཐུང་བ། ལྷ་མོ་ལྟ་བ་སོགས་སྐབས་འདིར་གནས་མཆོག་ལྷ་ས་འདི་ཉིད་ཞོ་སྟོན་གྱི་སྤྲོ་སྣང་ལྡན་པའི་རྣམ་པས་ཁེངས་ཤིང་། ཡུལ་སྐོར་བ་དང་ས་ཆ་དེ་གའི་མང་ཚོགས་མང་པོས་ལྷ་སའི་ཞོ་སྟོན་དགའ་གཏོང་བྱེད་བཞིན་ཡོད། ཞོ་སྟོན་ནི2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་དཀར་ཆག་ནང་བཅུག་ཡོད་ཅིང་། བོད་ལྗོངས་ལྷ་སའི་དམངས་སྲོལ་དུས་ཆེན་གལ་ཆེན་ཞིག་ཡིན།

ཟླ8པའི་ཚེས11ཉིན་ནས་ཚེས17ཉིན་བར་གྱི་ད་ལོའི་ཞོ་སྟོན་རིང་། ལྷ་མོའི་འགྲན་བསྡུར་ཆེ་མོ་དང་ལྷ་མོ་འཁྲབ་སྟོན། སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན། མི་རིགས་གྱོན་ཆས་དང་རྒྱན་གོས་རིག་གནས་འགྲེམས་འཁྲབ། སྤུས་ལེགས་ཐང་ག་འགྲེམས་སྟོན། བྱང་གནམ་མཚོའི་རྐང་བགྲོད་འདུ་ཚོགས་ཆེ་མོ། ཚོང་འདུས་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་ཁག་མང་པོ་སྤེལ་གྱི་ཡོད།

ཞོ་སྟོན་རིང་ལྷ་སའི་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་ཉིན་ལྟར་ལྟད་མོ་བར་འཁྲབ་གཞུང་མི་འདྲ་བའི་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང་། འཁྲབ་སྟོན་བྱེད་ས་དང་བར་ཐག་མི་རིང་བའི་རྒྱ་ལམ་སྟེང་དུའང་མི་རྣམས་ཀྱིས་ལྷ་མོའི་འཁྲབ་སྟོན་པ་ཚོའི་སྐད་གསང་མཐོན་པོའི་སྒྲ་གདངས་རྣ་བར་ཐོས་ཐུབ།

137389003_15342158360401n.jpg

འདི་ནི་ཡུལ་སྐོར་བས་བོད་མི་རིགས་ཀྱི་གྱོན་ཆས་སྤྲས་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་འདྲ་པར་ལེན་པ། 

དུས་ཡུན་ཉིན་བདུན་གྱི་ཞོ་སྟོན་རིང་། ལྷ་སའི་གྲོང་མི་དང་དེ་བཞིན་མཐའ་འཁོར་གྱི་མང་ཚོགས་ཚོས་ད་དུང་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས། ཇ་ཆང་དང་སྣ་ཁ་མི་འདྲ་བའི་ཟས་རིགས་འཁྱེར་ཏེ་ནང་མི་སྤུན་གྲོགས་དང་ལྷན་དུ་ལྷ་ས་སྐྱིད་ཆུའི་འགྲམ་རྒྱུད་དམ་ཡང་ན་སྤྱི་གླིང་ནང་གླིང་ཁ་གཏོང་བར་འགྲོ་ཞིང་། དྲི་ཞིམ་གྱི་ཇ་ཆང་དང་དགོད་སྒྲའི་ཁྲོད་དགའ་སྐྱིད་ལྡན་པའི་ཞོ་སྟོན་གྱི་དཔལ་ལ་རོལ་གྱི་ཡོད།

དབྱར་དུས་ནི་གངས་ལྗོངས་ས་མཐོའི་ཆེས་མཛེས་ཤོས་ཀྱི་དུས་ཚིགས་ཡིན་པ་དང་། ལྷག་པར་དུ་ཟླ8སླེབས་ཚུན་བོད་དུ་ཡུལ་སྐོར་བ་མང་བའི་མཐོ་རླབས་གསར་པ་ཞིག་འཕྱུར་གྱི་ཡོད། ཞོ་སྟོན་གྱི་སྐུལ་ཁྲིད་འོག་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་ཡང་ལོ་ཧྲིལ་པོའི་ཆེས་འཁྲུག་ཤོས་ཀྱི་དུས་ཚིགས་སུ་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།