བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་གི་དུས་མཚམས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་ཉན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། སྤེན་པ་བཀྲ་ཤིས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཏིང་ཡེ་ཤན་གྱིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མིག་སྔའི་དུས་སྐབས་ཤིག་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབ་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་རེད། དེར་བརྟེན། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི“ངོ་བོ་གསུམ”དང“ཞྭ་མོ་ལྔའི”ཚབས་ཆེའི་གནོད་འཚེར་ངོས་འཛིན་གཏིང་ཟབ་བྱེད་པ།དུས་ཚོད་འོས་འཚམ་ནང་ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྤྱོད་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི“རྩ་བ”དེར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྤྱོད་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་རིང་རྒྱ་ཆེའི་ཏང་ཡོན་ཚོར་ཏང་གཤིས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ“བརྟན་ལྷིང་གསུམ”འགན་ལེན་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་བདེ་འཇགས་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་གྱིས་གཅིག་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་ཐུབ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྲུང་དམག་བཀོད་སྒྲིག་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་དང་། བདེ་འཇགས་དོ་དམ། འཇིགས་རྒོལ་གཏུམ་འགོག་གི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས་ཁུག་གསང་སྟོང་གསུམ་མི་ལུས་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དགོན་སྡེ་རིགས་དབྱེ་བ་དང་། བང་རིམ་དབྱེ་བ། རིམ་པ་དབྱེ་བ་བཅས་ཀྱི་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ཁྲིད་སྟོན་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་དགོས་པ། གསུམ་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱེད་པ་དང་། གཙོ་གནད་མི་ཚོགས་དང་། གཙོ་གནད་དམིགས་ཡུལ། གཙོ་གནད་ཁུལ་བཅས་ཀྱི་དོ་དམ་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་ཐབས་ཇུས་གལ་ཆེན་དང་འབྲེལ་བ་ཡོད་པའི་ཉེན་ཁར་དཔྱད་དཔོག་དང་བདེ་འཇགས་རང་བཞིན་ལ་དཔྱད་དཔོག་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཉེན་ཁ་སྣ་ཚོགས་ལ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་གཡོལ་བ་དང་དོགས་ཟོན་བྱེད་དགོས་པ། བཞི་ནས་དྲ་རྒྱའི་ཆ་འཕྲིན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གནོད་ཡོད་ཀྱི་ཆ་འཕྲིན་བརྒྱུད་བསྒྲགས་ཁྱབ་སྤེལ་བྱ་རྒྱུར་དོགས་ཟོན་ནན་པོ་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལྷག་དོན་དུ་མཐོ་རྒྱུགས་དང་། འབྲིང་རྒྱུགས། ཡོངས་བསྒྲགས་རྒྱུགས་བསྡུ་བཅས་མ་བྱས་གོང་དང་བྱས་རྗེས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མཐོ་སློབ་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དམིགས་སའི་རང་བཞིན་གྱི་སྒོ་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཐོག་སློབ་གྲྭའི་ནང་གི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། ལྔ་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཤུགས་ཆེ་རུ་བཏང་ནས་འབྱུང་རྩ་ནས་བརྟན་ལྷིང་དང་། གཞི་རྩ་ནས་བརྟན་ལྷིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་ཟླ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་དགོས་པ། དྲུག་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་ལས་རེས་སྣེ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ནན་པོ་དང་ཏན་ཏིག་གི་བླང་བྱར་བརྟེན་ནས་ལས་དོན་ཁག་ལེགས་པར་མ་སྒྲུབ་པ། རང་འགན་གཙང་སྒྲུབ་མི་བྱེད་པ་དང་། ལས་འཛོལ་དང་འགན་འཛོལ་ཐོན་པ། གནད་དོན་ཐོན་པ་བཅས་ཀྱི་རིགས་ལ“མི་བལྟོས་པ་གསུམ”གྱི་རྩ་དོན་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཀྲོང་ཡན་གྱིས་བརྒྱུད་བསྒྲགས་ལག་བསྟར་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་རྐྱེན་མ་བྱུང་གོང་ཟློག་ཐབས་བྱེད་པའི་རྩ་དོན་གཞིར་བཟུང་ལས་དོན་ལེགས་པར་སྒྲུབ་པ་དང་། འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་ལས་འགན་འཁུར་བ་དང་ལས་བྱེད་པར་ལྟ་སྟངས་འཛིན་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ནན་དུ་བཏང་ནས“སྔོན་འགོག་ནན་པོ་དྲུག”དང“མི་ཐོན་པ་དྲུག”གི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། ས་གནས་ཀྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། སྡེ་ཚན་གྱི་དོ་དམ་གཙོ་བོའི་འགན་འཁྲི། ཚན་པའི་བྱེད་པོའི་འགན་འཁྲི་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་པ་དང་། བརྟན་ལྷིང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གོང་ཞུ་དང་གཤམ་གཏོང་གི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་དང་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།