ཝུའུ་དབྱིང་ཅེས་ཉིང་ཁྲིར་གཞི་རིམ་ཏང་འཛུགས་སྐྱོང་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སྐོར་ལ་རྟོག་ཞིབ་གནང་བ།

W020180606346902358106.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོངཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་སྨན་གླིང་རྫོང་དུ་གཞི་རིམ་ཏང་འཛུགས་སྐྱོང་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་སྐྱབས་སྟེང་སྒང་གྲོང་ཚོའི་འཛུགས་སྐྲུན་རྒྱུ་ཆ་ཁྲོམ་རར་ཝུའུ་དབྱིང་ཅེས་ལས་བྱེད་མང་ཚོགས་ཚོ་དང་མཛའ་བརྩེའི་བཀའ་མོལ་གནང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་སྨན་གླིང་རྫོང་དུ་གཞི་རིམ་ཏང་འཛུགས་སྐྱོང་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་ཁོང་དུ་ཏན་ཏིག་ཆུད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་གཞི་རྩ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། མི་རིགས་ཁག་གི་མང་ཚོགས་ཚོ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་དངོས་འབྲེལ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དངོས་འབྲེལ་ཡག་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་སྐྱབས་སྟེང་སྒང་གྲོང་ཚོའི་འཛུགས་སྐྲུན་རྒྱུ་ཆ་ཁྲོམ་རའི་དོ་དམ་ཚད་དང་ལྡན་ལ་ཕན་འབྲས་ལེགས་པོ་ཐོན་ཞིང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་གྲོང་མིའི་ཡོང་འབབ་འཕར་བ་མ་ཟད། ད་དུང་གྲོང་རྡལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་124ལ་འབབ་འཕར་ཡོང་རྒྱུར་ཁྱབ་འགྱེད་སྣེ་ཁྲིད་བྱས་ཡོད། ཝུའུ་དབྱིང་ཅེ་དེར་ཕེབས་སྐབས་ནན་ཏན་ངང་འགྲེམས་པང་ལ་གཟིགས་པ་དང་ལས་བྱེད་མང་ཚོགས་དང་མཛའ་བརྩེའི་བཀའ་མོལ་གནང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྐྱབས་སྟེང་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དབྱངས་ཅན་གྱིས་ཝུའུ་དབྱིང་ཅེར་ཆུང་དུས་གྲོང་མི་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་ལ་སྡོད་ཁང་ཡང་ཡག་པོ་ཞིག་མེད། ད་ཆ་ཟས་ལ་འཚོ་བཅུད་དང་། གོས་མཛེས་པོ། སྡོད་ས་སྐྱིད་པོ། ན་དུས་སྨན་བཅོས་འགན་བཅོལ་ཡོད་པ། སློབ་གྲྭར་སྐྱོད་པར“འགན་ལེན་གསུམ”ཡོད་པ་བཅས་བྱུང་བས་ཚང་མའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་ཡོད་ཅེས་བཤད།

ཝུའུ་དབྱིང་ཅེས་གསན་རྗེས་མྱོང་ཚོར་ཟབ་མོས་སྐྱབས་སྟེང་སྒང་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་བ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་མཚོན་ཚུལ་ཞིག་རེད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ལ་ཐུག་ཡོད། ཚང་མས་རང་ཉིད་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་དངོས་དང་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ལེན་པ་དང་། ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་ཏང་གི་བཀའ་དྲིན་ཚོར་བ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སེམས་སུ་གཏིང་ཟབ་ཟུག་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཡུལ་སྐོར་དང་ཚོང་གཉེར་སོགས་ནང་ཞུགས་པ་བརྒྱུད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དར་ཆ་གསལ་སྟོན་དང་ཁ་ཕྲལ་ལ་ངོ་རྒོལ་གྱིས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་དགོས། བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། བྱིས་པའི་སློབ་གསོ་གསོ་སྦྱོང་ལ་སྣང་ཆེན་བྱེད་པ། ཚན་རིག་དང་མཐུན་ལ་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ་བཅས་བྱས་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་ཡོད་ཅེས་གསུངས། ཝུའུ་དབྱིང་ཅེས་ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞི་འགན་ལེན་བྱེད་མཁན་ཞིག་རེད། “གྲོང་ཚོའི་ཨུ་ལྷན་གཉིས”ཚན་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དང་། ཕུགས་བསམ་དང་དད་སེམས་བརྟན་པོ། ཐོག་མའི་འགན་འཁྲི་མི་བརྗེད་པ་བཅས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་པ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན་བྱེད་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས་ལུགས་བསྟན་གནང་ཡོད། ཝུའུ་དབྱིང་ཅེས་ད་དུང་གྲོང་ཁྱེར་དང་རྫོང་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བར་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་བཞག་སྟེ་མི་སྒེར་གྱིས་རང་གྲབས་བྱེད་པ་དང་། སྲིད་གཞུང་གིས་ཁ་གསབ་སྤྲོད་པ། དངུལ་ཁང་གིས་དངུལ་བུན་གཏོང་བ་བཅས་ཟུང་འབྲེལ་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བ་དང་གསར་དུ་སྐྲུན་པའི་སྡོད་ཁང་གི་ཡོམ་འགོག་ཚད་གཞི་མཐོ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

སྨན་གླིང་རྫོང་གནས་ལུང་ཤང་བདེ་སྐྱིད་གྲོང་གསར་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་གྲོང་མི་ཚང་མ་ནི་ལོ་བཅུའི་གོང་ཆབ་མདོ་གྲོང་ཁྱེར་ནས་གནས་སྤོ་བྱས་པ་ཤ་སྟག་རེད། ཝུའུ་དབྱིང་ཅེས་ཕེབས་ཞོར་གཟིགས་ཞོར་དུ“ཁྱེད་ཚོ་ནི་ཆབ་མདོ་ནས་འདི་གར་སྤོས་ཡོང་བ་ཞིག་ཡིན་པས་འདི་གའི་མང་ཚོགས་ཚོས་དགའ་བསུ་ཞུ་གི་འདུག་གམ། འདི་གའི་ཆ་རྐྱེན་ཡག་པོ་འདུག་གམ”ཞེས་པ་སོགས་འབྲེལ་ཡོད་གནད་དོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འགྲོ་མགོན་དང་སྤེལ་རེས་གཏིང་ཟབ་གནང་བས་འགྲོ་མགོན་གྱིས“དགའ་བསུ་ཞུ་གི་འདུག དགའ་བསུ་ཞུ་གི་འདུག”ཅེས་ལན་ལམ་སེང་བརྒྱབ་པ་མ་ཟད། པར་རིས་ཤིག་ལས་བདེ་སྐྱིད་གྲོང་གསར་གྲོང་ཚོའི་འགྱུར་ལྡོག་མངོན་པར་བྱས། ཁོང་གིས་འདི་གར་སླེབས་མ་ཐག་ས་ཞིང་རྒྱ་ཆུང་ལ་གཞུང་ལམ་ཤར་གཏོང་མི་ཐུབ་པ་དང་སྡོད་ཁང་ཡང་སྐྱོ་པོ་འདུག ད་ཆ་ཚང་མ་ས་གནས་འདི་གའི་མང་ཚོགས་ཁྲོད་མཉམ་འདྲེས་ཐུབ་ནས་འཚོ་བ་ཚ་སོབ་སོབ་ཤིག་སྐྱེལ་བཞིན་ཡོད་པས་ཚང་མས་སེམས་གཏིང་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་གི་འདུག་ཅེས་ཧྲུའུ་ཅིར་ཞུས། ཝུའུ་དབྱིང་ཅེས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེན་པོས་གུང་ཁྲན་ཏང་མེད་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ་ཚང་མའི་བདེ་སྐྱིད་ལྡན་པའི་འཚོ་བའང་མེད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཐུགས་ཁུར་གཟབ་བཞེས་གནང་ནས་ཚང་མར་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བས་ཚང་མས་ཏང་གི་བཀའ་དྲིན་ནམ་ཡང་བློ་ལ་འཆང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་པའི”ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་པ་དང་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། མིག་སྔར་ཆབ་མདོའི་ས་ངན་ས་ཁུལ་དང་གྲོང་ཁྱེར་སྒྲོལ་ནས་གཅིག་སྡུད་ཐོག་གནས་སྤོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་ཁྱེད་ཚོས་རང་ཉིད་ཀྱི་ཉམས་མྱོང་དངོས་བརྒྱུད་གནས་སྤོའི་མང་ཚོགས་ཀྱི་བསམ་བློའི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཐོག་ཁོང་ཚོར“མི་རབས་འདིས་དཀའ་བ་སྤྱད་དེ་ཕ་ཚ་བུ་རྒྱུད་རྣམས་ལ་བདེ་སྐྱིད་ཡོང་བ་བྱ་རྒྱུའི”གྲ་སྒྲིག་བྱེད་དུ་འཇུག་པ་དང་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་བརྒྱུད་དབུལ་པོའི་རྩ་བ་དྲུང་ནས་འབྱིན་པ་དང་དབུལ་པོའི་གནས་ལས་སྒྲོལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཧུར་ཐག་བསྐྲུན་དུ་འཇུག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་དུང་མཚོ་སྡེ་ཁུལ་གྲོང་ལྷན་དུ་ཝུའུ་དབྱིང་ཅེས“གཅེས་སེམས་སྒོ་རྩིས་ཚོང་ཁང”ལ་གཟིགས་སྐོར་གནང་བ་དང་སྡེ་ཁུལ་གྱི་སྨན་བཅོས་དང་། དམངས་ཕན་ཞབས་ཞུ། ཏང་འཛུགས་སྐྱོང་ལས་དོན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་གཞི་རིམ་རྩ་འཛུགས་ཀྱིས་ཐད་ཀར་རྒྱ་ཆེའི་མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཁོང་ཚོར་ཞབས་འདེགས་ཞུས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་། བྱ་བཟང་སྒྲུབ་པ། ལས་དོན་དངོས་སྒྲུབ་པ་བཅས་བྱས་ཏེ་ཁོང་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་ལུགས་བསྟན་གནང་བ་རེད།

སྨན་གླིང་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ཝུའུ་དབྱིང་ཅེས་ལས་དོན་མི་སྣ་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་ཞིབ་མཆན་མ་ལག་བཀོལ་སྤྱོད་དང་དམངས་ཕན་ཞབས་ཞུའི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་མི་དམངས་བློ་ཡིད་ཚིམ་མིན་དེ་ལས་དོན་མཐའ་དག་ལ་ཚད་འཇལ་བྱེད་པའི་ཚད་གཞིར་བརྩིས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་སྦྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ལས་དོན་སྤེལ་སྟངས་ལེགས་སུ་གཏོང་བ། ལས་ཀའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས“མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་མི་དགོས་པ”བྱེད་གང་ཐུབ་བྱེད་དགོས་ལུགས་བསྟན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།