​ལྷ་སར་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྤྲོད་པའི་གཅིག་བསྡུས་རེ་ཞུའི་ལས་དོན་ཁག་གཉིས་པ་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་ཆེད།  བོད་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར་འགའ་ཞིག་ཅེས་པ་བཏོན་པ་དང་།  ད་བར་མི་ཐེངས870ལྷག་ཙམ་ལ་རིགས་འདྲ་མིན་གྱི་བྱ་དགའི་ཁ་གསབ་དངུལ་སྒོར་ཁྲི་ཚོ500ལྷག་ཙམ་སྤྲད་པ་དང་།  ཉེ་དུས་ལྷ་ས་གྲོང་ཁྱེར་དུ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྤྲོད་པའི་གཅིག་བསྡུས་རེ་ཞུའི་ལས་དོན་ཁག་གཉིས་པ་དངོས་སུ་སྤེལ་འགོ་ཚུགས་ཡོད། 

ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་སློབ་ཆེན་ལྟེ་གནས་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།  ཐེམ་ཁུངས་བོད་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་སློབ་ཆེན་སློབ་ཐོན་སློབ་མ་སློབ་གྲྭ་ཐོན་ནས་ལོ་ལྔའི་ནང་ཚུན་ལྗོངས་ནང་ཁུལ་དུ་ལས་ཞུགས་ཐུབ་པ་རྣམས་ཀྱིས་ལྗོངས་ནང་ཁུལ་གྱི་ལས་ཞུགས་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་།  སྤྱི་ལོ2017ལོའི་རྗེས་རང་རྟོགས་ལས་གཏོད་ཐུབ་མཁན་ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་ཐོན་སློབ་མས་ལས་གཏོད་ཁ་གསབ་རེ་ཞུ་བྱེད་ཆོག་པ།  ཐེམ་ཁུངས་བོད་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་སློབ་ཆེན་སློབ་ཐོན་སློབ་མ་སློབ་གྲྭ་ཐོན་ནས་ལོ་ལྔའི་ནང་ཚུན་ལྗོངས་ཕྱིར་ལས་ཞུགས་ཐུབ་པ་རྣམས་ཀྱིས་ལྗོངས་ཕྱིའི་ལས་ཞུགས་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་བཅས་རེད། 

སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཁ་གསབ་རེ་ཞུའི་ཁྱབ་ཁོངས་ནང་ལྗོངས་ཕྱི་ནང་གི་ལས་ཞུགས་དང་རང་རྟོགས་ལས་གཏོད་ཚུད་ཡོད་པ་དང་།  ལྗོངས་ནང་ཁུལ་དུ་ལས་ཞུགས་ཐུབ་ཚེ་འཚོ་བ་དང་སྡོད་ཁང་།  སྦྱོང་བརྡར།  སྤྱི་ཚོགས་འགན་བཅོལ་བཅས་ཀྱི་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་།  ལྗོངས་ཕྱིར་ལས་ཞུགས་ཐུབ་ཚེ་འཚོ་བ་དང་སྡོད་ཁང་ཁ་གསབ་དང་སྡེབ་གཅིག་གི་ལམ་དངུལ་ཁ་གསབ་རེ་ཞུ་བྱེད་ཆོག་པ།  རང་རྟོགས་ལས་གཏོད་བྱེད་མཁན་ཚོས་ལས་གཏོད་བྱེད་སྒོ་ཚུགས་སྐབས་ཀྱི་མ་དངུལ་ཁ་གསབ་དང་ལས་གཏོད་བྱེད་གནས་ཀྱི་ཁང་གླ་དང་ཆུ་རིན།  གློག་རིན།  སྤྱི་ཚོགས་འགན་བཅོལ་བཅས་ཀྱི་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་བཅས་རེད། 

ལྷ་ས་གྲོང་ཁྱེར་དུ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཁ་གསབ་གཅིག་བསྡུས་རེ་ཞུའི་ལས་དོན་ཁག་གཉིས་པ་མཚམས་འཇོག་དུས་ཚོད་ནི་སྤྱི་ཟླ6པའི་ཚེས20ཉིན་ཡིན་པ་དང་།  ཞིབ་ཕྲའི་གནས་ཚུལ་ཁ་པར་ཨང་གྲངས0891--6364490བརྒྱུད་བློ་འདྲི་བྱེད་ཆོག་གི་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།