བོད་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་པོའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་བོད་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་པོ་དེ་བསྐྲུན་པ་དང་ལས་སྟེགས་དེ་བསྐྲུན་རྗེས་ཡུལ་སྨད་ཤང་གི་ལས་བྱེད་མང་ཚོགས་རང་ཁྱིམ་གྱི་སྒོ་རྩར་སྤྱི་ཚོགས་འགན་བཅོལ་ཐོ་འགོད་དང་ཁེ་དབང་ཐོ་འགོད་དང་རྩད་གཅོད་སོགས་བྱེད་ཆོག་གི་ཡོད་པ་རེད།

བོད་ཀྱིས“ཉི་འོད་ཀུན་ཁྱབ”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་ཚོགས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་བསལ་ཡོད།

“དེ་སྔོན་རྐང་ཐང་མར་རྫོང་གྲོང་དུ་སྤྱི་ཚོགས་འགན་བཅོལ་མ་དངུལ་སྐྱེལ་བ་དང་རྒན་གསོའི་དངུལ་ལེན་པར་འགྲོ་དགོས་ཀྱི་ཡོད་པས་སྐབས་རེ་གངས་ཆེན་པོ་བབས་ནས་ལམ་འགག་སྟེ་ཕྱིར་བསྐྱོད་ཐུབ་ཀྱི་མེད”ཅེས་ཡུལ་སྨད་ཤང་གི་རྒན་མོ་ཚེ་རིང་ལྷ་མོས་བཤད། ཁོང་གིས“ད་ཆ་རང་ཁྱིམ་གྱི་སྒོ་རྩར་སྤྱི་ཚོགས་འགན་བཅོལ་གྱི་འགོ་ལུགས་གཉེར་ཆོག་པ་མ་ཟད། ཞིང་ལས་དངུལ་ཁང་གིས་ཤང་ནང་བཙུགས་པའི་དངུལ་རྩའི་ཞབས་ཞུའི་ས་ཚིགས་བརྒྱུད་རྒན་གསོའི་དངུལ་ལེན་ཆོག་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཆེད། བོད་ཀྱིས་གྲོང་མི་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་ཞིབ་བཤེར་དང་གཏན་འཁེལ་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་གྲངས་གཞི་ཁ་གསབ་དང་འཐུས་སྒོ་ཚང་དུ་བཏང་ནས་དུད་ཚང་དང་མི་སྣ་ཆད་ལུས་མེད་པར་ཚང་མ་འགན་བཅོལ་ནང་ཞུགས་པ་དང་འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་ཞབས་ཞུ་མངོན་འགྱུར་ཐུབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།