བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་གྲུ་ཐང་དུ་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ལམ214ལམ་ཐིག་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ལས་གྲྭ་ཉིན་ཤས་གོང་སྐྲུན་འགོ་ཚུགས་པ་དང་དེས་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་དང“བོད་ལྗོངས་ཀྱི་ཤར་སྒོ་ཆེ་མོ”སྟེ་ཆབ་མདོ་གྲོང་ཁུལ་དང་སྦྲེལ་བའི་རིམ་མཐོའི་གཞུང་ལམ་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་པ་མ་ཟད། བོད་ཀྱིས་བསྐྲུན་པའི་རིམ་མཐོའི་གཞུང་ལམ་རྣམ་གྲངས་ཨང8པ་དེ་ཡང་རེད།

སྤང་མདའ་གནམ་ཐང་གི་ས་བབ་མཐོ་ཚད་སྨི4334ཟིན་པ་དང་དེ་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་རེད། མིག་སྔར་གནམ་ཐང་ནས་ཆབ་མདོ་གྲོང་ཁུལ་བར་ལམ་ཐག་སྤྱི་ལེ120ཡན་ཟིན་པ་དང་ལམ་བར་དུ་ལ་རྒྱག་དགོས་ལ་རི་ལམ་ཀྱག་ཀྱོག་ཀྱང་མང་བས་ཆུ་ཚོད་གཉིས་ཡན་འགོར་གྱི་ཡོད། རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་རྗེས་སྔོན་དཔག་བྱས་ན་ལམ་བར་གྱི་དུས་ཚོད་ཕྱེད་ཀ་ཙམ་གྱིས་ཐུང་དུ་འགྲོ་རྒྱུ་དང་རླངས་འཁོར་གཏོང་བའི་ཉེན་ཁ་ཡང་ཆུང་དུ་འགྲོ་རྒྱུ་རེད།

མིག་སྔར། སྐྲུན་བཞིན་པའི་ལམ་དུམ་ནི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ཡིན་པ་དང་སྔོན་དཔག་བྱས་ན་ཟླ24ནང་ལས་མཇུག་འགྲིལ་རྒྱུ་རེད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཤར་ལྷོའི་རྒྱུད་ཀྱི་སེང་གེ་གྲོང་ཚོ་ནས་འགོ་བཙུགས་ཏེ་ལམ་ཐིག་རྫ་ཆུའི་ཤར་ལྷོའི་ཕྱོགས་སུ་བཀོད་ཡོད། ལྕགས་ཁ་དཔལ་འབྱོར་གསར་སྤེལ་ཁུལ་ཐིག་སྒང་གྲོང་ཚོ་ནས་མཇུག་འགྲིལ་བ་དང་སྤྱིའི་རིང་ཚད་སྤྱི་ལེ26.9ཟིན་པ་དང་ཇུས་འགོད་ལྟར་ན་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ80ཡིན་པ་རེད། ཟམ་པ་ཆེ་གྲས21དང་། ཟམ་པ་འབྲིང་གྲས11། ཕུག་ལམ2། གཙང་པོ་བརྒལ་བའི་ཟམ་ཆེན11བཅས་སྐྲུན་རྩིས་ཡོད་པས་ཟམ་པ་དང་ཕུག་ལམ་གྱི་སྡུར་གྲངས70%ཟིན་ཡོད།

“འདི་ནི་ཆབ་མདོ་གྲོང་ཁྱེར་གྱིས་བསྐྲུན་པའི་རིམ་མཐོའི་གཞུང་ལམ་ཐོག་མ་དེ་རེད་ལ་རང་སྐྱོང་ལྗོངས་ཀྱི‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཞིག་ཀྱང་རེད’”ཅེས་ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཚེ་རིང་འཇིགས་མེད་ཀྱིས་བཤད་པ་དང་། ཁོང་གིས་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཁྲོན་བོད་སྦྲེལ་མཐུད་དང་བོད་ཤར་ས་ཁུལ་ཕྱི་ཕྱོགས་དང་སྦྲེལ་མཐུད་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།