བོད་ལྗོངས་དཔེ་རྙིང་ཉམས་གསོ་ལྟེ་གནས་ཀྱི་དཔེ་རྙིང་རྩ་ཆེན་ཉམས་གསོ་དང་གྲངས་གཞི་ཅན་དུ་འགྱུར་བའི་འཕེལ་རིམ་བདེ་བླག་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱས་པར། 2015ལོའི་ཟླ7པར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་ཉམས་གསོ་ལྟེ་གནས་བཙུགས་པ་ནས་བཟུང་། རང་ལྗོངས་ཀྱིས་སྔ་རྗེས་སུ་དཔེ་རྙིང་ཉམས་གསོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་གཉེར་ནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མང་རྭ་དགོན་གྱི་དཔེ་རྙིང་རལ་བ་ཉམས་གསོའི་ལས་དོན་ལེགས་གྲུབ་བྱས་པ་དང་། ཉམས་གསོ་བྱས་པའི་དཔེ་རྙིང་ལ་ཁྱོན་བསྡོམས་ཤོག་ལྷེ་248ཡོད་པ། པར་498བརྒྱབ་ནས་ཡིག་ཚགས་བཟོས་པ་མ་ཟད་ཉམས་གསོ་བྱས་པའི་དཔེ་རྙིང་དང་དཀར་ཆག་རྣམས་ཚད་ལྡན་གྱི་གོ་རིམ་ལྟར་དགོན་སྡེར་རྩིས་སྤྲད་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལོ་འགའི་རིང་། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་དང་རང་སྐྱོང་ལྗོངས་དཔེ་རྙིང་ཉམས་གསོ་ལྟེ་གནས་ཀྱིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་བྱམས་ཆེན་གྲོང་ཚོའི་པད་དཀར་དགོན་གྱི་ས་འོག་ནས་ཐོན་པའི་དཔེ་རྙིང་རྩ་ཆེན་རས་ཁུག66དང་ལོ་མ་ཁྲི3ལྷག་ཙམ་ལེགས་སྒྲིག་དང་། ཡིག་ཚགས་བཟོ་བ། པར་རྒྱག་པ་སོགས་ཀྱི་ལས་དོན་ཐེངས་གཉིས་སྤེལ་བ་དང་། དཔེ་རྙིང་རྩ་ཆེན་ཆ་ཚང་གྲངས་གཞི་ཅན་བཟོས་པ་མ་ཟད་རལ་བའི་ཤོག་ལྷེ7000ལྷག་ཙམ་ལ་ཉམས་གསོ་བྱས་ཤིང་། མིག་སྔའི་བར་ཤོག་ལྷེ2000ཙམ་ཉམས་གསོ་བྱས་ཟིན་ཡོད།

2013ལོའི་ཟླ12པར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་དང《ཀྲུང་ཧྭའི་བསྟན་བཅོས་རྩ་ཆེན་ཐོན་ཁུངས་མཛོད་མཉམ་བསྐྲུན་གྱི་འགན་འཁྲིའི་ཡི་གེ》བཞག་ཅིང་། མིག་སྔའི་བར། རང་སྐྱོང་ལྗོངས་ཀྱིས་དཔེ་རྙིང་རྩ་ཆེན་གྲངས་གཞི་ཅན་གྱི་ལས་འགན50%ལེགས་གྲུབ་དང་ཚན་པ6གི་དཔེ་རྙིང་གྲངས་གཞི་ཅན་གྱི་ལས་འགན་ལེགས་གྲུབ་བྱས་པར་ཁྱོན་བསྡོམས་དཔེ་རྙིང་པོ་ཏི13ཡོད་པ་རེད།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི《རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་མིང་གཞུང》ཁག་དང་པོ་ནས་ལྔ་པའི་ནང་བཅུག་པའི་དཔེ་རྙིང་རྩ་ཆེན་པོ་ཏི35(ཤོག་ལྷེ5000)གྲངས་གཞི་ཅན་དང་སླར་གསོ་བྱེད་པའི་ལས་དོན་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད། “ཀྲུང་ཧྭའི་བསྟན་བཅོས་རྩ་ཆེན་ཐོན་ཁུངས་མཛོད”བསྐྲུན་པའི་རྣམ་གྲངས་ཀྱི་འབྲེལ་ཡོད་ཚད་གཞིར་གཞིགས་ན། དཔེ་རྙིང་རྩ་ཆེན་གྱི་གྲངས་གཞི་ལེགས་སྒྲིག་དང་། བསྡུ་རུབ། གྲངས་གཞིའི་ཞིབ་འགྲེལ་སོགས་ཀྱི་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།