བོད་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཙོ་གནད་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་གི་ལག་བསྟར་དོན་འཁྱོལ་ལ་སྔར་བས་དམ་འཛིན་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་དང་། ཅུས་ཅན་ཧྭ། ལི་ཝུན་ཧན་བཅས་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་དང་ངག་དབང་བཅས་ཀྱིས་འབྲས་སྤུངས་དགོན་དང་། མཚུར་ཕུ་དགོན། སེ་ར་དགོན། གཙུག་ལག་ཁང་། ར་མོ་ཆེ་གཙུག་ལག་ཁང་། དགའ་ལྡན་དགོན་སོགས་གཙོ་གནད་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དགོན་སྡེའི་དོ་དམ་ཨུ་ལྷན་དང་། མངགས་གཏོང་ཁང་། དགོན་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་ཟོན་དཔུང་སྡེ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་ཀྱིས་གཙོ་གནད་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལ་དཀའ་སྤྱད་འབད་འཐབ་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་ཁག་དོན་འཁྱོལ་ཞིབ་ཚགས་དང་ལག་བསྟར་ནན་པོ་བྱེད་དགོས་པ། དགེ་འདུན་པས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྤྱོད་པ། ཁྲིམས་སྲུང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག་ཁོང་ཚོའི་འཚོ་བར་དོ་ཁུར་མང་ཙམ་དང་བསམ་བློར་ཤེས་རྟོགས་མང་ཙམ་བྱེད་པའི་ཐོག་དགེ་འདུན་པ་དང་འབྲེལ་བ་ཟབ་ཏུ་བཏང་ནས་བསམ་བློ་སྤེལ་རེས་དང་བརྩེ་སེམས་དང་མཛའ་གྲོགས་ཟབ་གཏོང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།