བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲིར་བསྐྱོད་མཁན་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུང་ཀྲང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་མཱ་ཧྲེང་ཁྲང་གིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་ཁྲིད་དེ་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་གནས་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད། ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ས་དང་པོའི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

བྲག་ཆུ་གྲོང་རྡལ་དང་། རྒྱ་ཤིང་ཤང་། སྤྱི་མདའ་གྲོང་རྡལ། བུ་ཆུ་ཤང་སོགས་སུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སྡོད་བྱ་ཁང་དང་གཞུང་ལས་ཁང་དུ་བསྐྱོད་དེ་ལས་བྱེད་པ་ལས་གནས་སུ་ཡོད་མེད་དང་། སྡོད་བྱའི་སྣེ་ཁྲིད་པ་ཡོད་མེད། “ཉིན་རེར་སྙན་སེང་ཞུ་བ་དང་། གནས་ཚུལ་མི་ཐོན་ཡང་སྙན་སེང་ཞུ་བའི”དོན་འཁྱོལ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བྲག་ཆུ་དང་གྲོང་ཤར་སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཐོན་སྐྱེད་དང་། སྣུམ་རྫས་དོ་དམ། མིང་ངོ་མ་ཐོ་འགོད། ཞབས་ཞུའི་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། རི་བཀག་དགོན་དང་། བླ་མ་གླིང་དགོན། དེ་མོ་དགོན་བཅས་སུ་དགོན་སྡེའི་ཕྱི་ནང་གི་བདེ་སྲུང་བྱ་ཐབས་ཁག་ལ་ལྟ་ཞིབ་གནང་བ་མ་ཟད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགོན་སྡོད་ལས་བྱེད་པ་དང་དེ་བཞིན་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་བཀའ་མོལ་ཡང་གནང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བརྟག་ཞིབ་བྱེད་རིང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། དོགས་ཟོན་ཆེན་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ལས་དོན་ཁག་ཡག་པོ་དང་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་སྒྲིག་འཛུགས་ནན་ཏན་བྱས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པ། བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཐུན་མོང་གི་ངོས་འཛིན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གོང་བུར་འགྲིལ་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུཌ་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།