ཏིང་ཡེ་ཤན་གྱིས་ལྷ་སར་བརྟག་ཞིབ་དང་འཚམས་འདྲི་གནང་བ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་། དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་ལ་རྟོག་ཞིབ་གནང་བ་དང་། ལས་གནས་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་བཟང་པོའང་ཞུས་གནང་བ་རེད།

“བློ་མཐུན་ཚོ་སྐུ་ལས་ཁག་སོང་། བློ་མཐུན་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས”ཞེས་བར་སྐོར་ཁྲོམ་གཞུང་དང་། གནམ་ཐང་མྱུར་བགྲོད་གཞུང་ལམ་སྣེའུ་ཁུལ་གསར་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཏིང་ཡེ་ཤན་གྱིས་ལས་འགན་སྒྲུབ་བཞིན་ཡོད་པའི་ལས་དོན་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་སྟེ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཡ་རབས་ལྡན་པའི་ངང་ལས་སྒྲུབ་བྱེད་པ་དང་བདེ་འཇགས་ཞིབ་བཤེར་གྱི་བྱེད་ཐབས་ཁག་དོན་འཁྱོལ་དམིགས་སར་འབྱོར་བ་གཟིགས་སྐབས་ཏིང་ཡེ་ཤན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཁྱེད་ཚོས་ཁྱིམ་ཆུང་དོར་ནས་ཚང་མར་ལྟ་རྟོག་བྱེད་པ་དང་། ངལ་གསོ་དོར་ནས་སྡོད་བྱ་བྱས་ཏེ་བདེ་འཇགས་འགན་ལེན་དང་། བརྟན་ལྷིང་འགན་ལེན། དམངས་འཚོ་འགན་ལེན་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་བ་རེད། 

ཏིང་ཡེ་ཤན་གྱིས་ལོ་གསར་དང་དུས་ཆེན་སྐབས་སུ་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་སྔར་བས་གལ་ཆེན་པོ་ཡོད་པ་དང་ལས་སྒྲུབ་ལས་གྲབས་ཀྱི་ལས་འགན་དེ་བས་ལྕི་པོ་ཡོད། རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལས་གནས་བརྟན་སྲུང་བྱེད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ལས་སྒྲུབ་ལས་གྲབས་ལ་ཤུགས་སྣོན་བརྒྱབ་ནས་ཡ་རབས་ཁྲིམས་འཛིན་དང་འགན་འཁྲི་ནན་ཏན་ངང་འཁུར་དགོས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་ག་དུས་ཡིན་རུང་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས་ཁུག་མ་ལུས་པ་དང་། གསང་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་པ་དང་། བདེ་སྲུང་གི་སྒྲིག་ལམ་ཡག་པོ་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལས་ཕྱོད་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

བརྟག་ཞིབ་དང་འཚམས་འདྲི་གནང་རིང་། ཏིང་ཡེ་ཤན་གྱིས་སྐབས་འགར་ཕེབས་མཚམས་བཞག་ནས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་ཆབས་ཅིག་ཚང་མ་དང་མཛའ་བརྩེའི་གླེང་མོལ་ཡང་གནང་བ་རེད། “ཁྱེད་ཚོ་གང་ནས་ཡོང་བ་ཡིན་ནམ། ན་ནིང་གི་ཡོང་འབབ་གང་འདྲ་བྱུང་ངམ”ཞེས་བཀའ་འདྲི་གནང་བར་ཚང་མས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་འོག་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཡག་ཏུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་ཞུས། ཏིང་ཡེ་ཤན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་དེ་དག་ཚང་མ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་དང་བྱམས་སྐྱོང་གནང་བའི་འབྲས་བུ་ཡིན་པས་ཚང་མའི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཡག་ཏུ་འགྲོ་རྒྱུའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།