བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་འཚོགས་པ་དང་ཚོགས་འདུའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་འདེམས་བསྐོ་བྱས་ནས་ཐོན་པ་དང་ཚོགས་ཆེན་གྱི་གྲོས་རིམ་བརྒྱུད་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་སྦྱོར་གཏན་འཁེལ་བྱས་པ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཁྱོན་འཐུས་མི་439ཡོད་པ་དེའི་ནང་གྲ་སྒྲིག་ཚོགས་འདུའི་ནང་ཞུགས་མཁན་འཐུས་མི་ཁྱོན407ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

གྲ་སྒྲིག་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་འདེམས་བསྐོ་བྱས་ནས་ཐོན་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་མི་གྲངས་87ལས་གྲུབ་པ་དང་རྡོ་ཐོགས་ཚོགས་ཆེན་གྱི་དྲུང་ཆེ་ཡིན་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཆེས་གལ་ཆེའི་ཚོགས་འདུ་ཞིག་རེད་ཅེས་གསུངས།

བློ་བཟང་རྒྱལ་མཚན་གྱིས་ད་རེས་ཀྱི་ཚོགས་འདུ་འདི་ཡག་པོ་འཚོག་ཐུབ་པ་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་རྒྱལ་ཁ་ཧུར་ཐག་ལེན་རྒྱུར་ཆེས་གལ་ཆེའི་དོན་སྙིང་ལྡན་ཡོད། འཐུས་མི་ཚོས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ་གྲོས་གཞི་ཁག་ལ་གྲོས་ཞིབ་ནན་ཏན་དང་འཐུས་མིའི་དབང་ཆ་གཟི་བརྗིད་ངང་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་མཐུན་སྒྲིལ་དང་། ངར་ཤུགས། དམངས་གཙོ། དངོས་གཉེར། བདེ་འཇགས། ཕུན་སུམ་ཚོགས་པ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པ་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ་དང་། འཐུས་མི་རྣམས་ཐུགས་བློ་བདེ་པོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པའི་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། བསྟན་འཛིན་རྣམ་རྒྱལ། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་ཝུའུ་དབྱིང་ཅེ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་གྲུབ། རྒྱལ་མཚན། འཆི་མེད་རིག་འཛིན། དབང་ཧའེ་ཀྲོའུ། ཧྲེ་མོ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། ཀྲང་ཤིས་ཡོན། ཁྲེན་ཙོ་སུང་། ཅ་ལི་གོ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

གཞན་ཡང་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་23ཉིན་གྱི་སྔ་དྲོ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ད་རེས་ཀྱི་ཚོགས་འདུར་ཕེབས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་87ཡོད་པ་དང་དངོས་སུ་ཕེབས་པ76ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། རྡོ་ཐོགས། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། ལིའུ་གོ་རུང་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་འོས་སྦྱོར་གཏན་འཁེལ་བྱས་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་གནང་བ་རེད། ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཟླ་1ཚེས་24ཉིན་འཚོག་རྒྱུ་དང་ཟླ་1ཚེས་30ཉིན་གྲོལ་རྒྱུའི་གཏན་འཁེལ་བྱས་པ་རེད།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་ཚོགས་ཆུང་ཁག་བགོས་ཀྱི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་གནང་བ་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་གཏན་འཁེལ་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་བརྡས་ཐག་གཅོད་ཐབས་གཏན་འཁེལ་གནང་བ། གྲོས་གཞི་འདོན་པའི་དུས་ཚོད་གཏན་འཁེལ་གནང་བ་བཅས་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མིའི་མི་གྲངས་གཏན་འཁེལ(འཆར་ཟིན)ལ་ཕྱག་བརྐྱངས་ནས་གྲོས་འཆམ་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འཁེལ(འཆར་ཟིན)ལ་ཕྱག་བརྐྱངས་ནས་གྲོས་འཆམ་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་འོས་མི་འདེམས་ཐབས(འཆར་ཟིན)ལ་ཕྱག་བརྐྱངས་ནས་གྲོས་འཆམ་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མཚན་ཐོ(འཆར་ཟིན)ལ་ཕྱག་བརྐྱངས་ནས་གྲོས་འཆམ་གནང་བ་མ་ཟད། འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་དང་ནང་མོལ་གནང་རྒྱུར་ཕུལ་བ་མ་ཟད་ཚོགས་ཆེན་ཐོག་བརྡས་ཐག་གཅོད་རྒྱུར་ཡང་ཕུལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།