ཉིང་ཁྲི་གྲོང་ཁྱེར་གྱིས་སྨན་བཅོས་སོགས་འགན་བཅོལ་གྱི་དངུལ་མཇུག་རྩིས་རྒྱག་སྐབས་དྲ་ཐོག་དངུལ་ཁང་ལས་སྤྲོད་པའི་ལས་སྒོ་གཉེར་བར་བསྔགས་བརྗོད་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཆོད་ཆེ་བ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་ལབ་གླེང་མང་པོ་བྱེད་པའི་གནད་དོན་ལ་རང་འགུལ་ངང་ལན་བཏབ་པ་དང་། “བརྒྱུད་རིམ་ཉུང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ”དང“ཐམས་ཅད་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་ཆེད་དུ་ཡིན་པ”བྱ་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་དང་བློ་ཡིད་ཚིམ་པའི་དཀར་ཁུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་ལ་བརྩིས་ནས་དམ་འཛིན་བྱས་པ་མ་ཟད། ད་དུང་རང་འགུལ་ངང་དངུལ་རྩའི་སྒྲིག་གཞི་དང་འབྲེལ་བ་དམ་ཟབ་བྱས་ནས་འགན་བཅོལ་རིགས་གསུམ་གྱི་དངུལ་མཇུག་རྩིས་རྒྱག་སྐབས་དྲ་ཐོག་དངུལ་ཁང་ལས་ལས་སྒོ་གཉེར་བའི་བྱ་ཐབས་ཤིག་འཚོལ་ཞིབ་ཧུར་ཐག་བྱས་ཡོད། བྱ་ཐབས་དེ་ལས་ཉིང་ཁྲི་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་སོགས་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་མ་ཟད། ད་དུང་རང་ལྗོངས་ཀྱི་གྲོང་ཁྱེར་གཞན་དག་ལ་དཔྱད་གཞིར་འཛིན་འོས་པའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད།

ཐམས་ཅད་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་ཆེད་དུ་ཡིན་པས། 2016ལོའི་ཟླ་བ་དྲུག་པ་ནས2017ལོའི་ཟླ་བ་གཉིས་པ་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་བཟོའི་སྨན་བཅོས་འགན་བཅོལ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ། བུ་བཙའ་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་དངུལ་མཇུག་རྩིས་རྒྱག་སྐབས་དྲ་ཐོག་དངུལ་ཁང་ལས་ལས་སྒོ་གཅིག་མཇུག་གཉིས་མཐུད་ངང་གཉེར་འགོ་བཙུགས་ཡོད། རགས་རྩིས་ལྟར་ན2017ལོའི་ལོ་འཁོར་མོར་ཉིང་ཁྲི་གྲོང་ཁྱེར་གྱིས་འགན་བཅོལ་རིགས་ཆེན་པོ་གསུམ་གྱི་དྲ་ཐོག་དངུལ་ཁང་ནས་གྲོན་དངུལ་ཁག་ཐེངས6200ལྷག་ཙམ་སྤྲད་པར་ཁྱོན་སྒོར་ཁྲི23116ཟིན་པ་དང་མི44700ལྷག་ཙམ་དང་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་ཚན་པ65ལ་ཕན་པ་ཐོབ་ཡོད་པ་རེད། སྨན་བཅོས་ཐེབས་རྩའི་དངུལ་གཏོང་ཕྱོགས་ཁ་གསལ་བ་དང་ཚོད་འཛིན་རང་བཞིན་ཆེ་བ་ལས་དངུལ་གཏོང་འཛིན་ཤོག་འབྲི་ནོར་ཤོར་བ་དང་། བརླག་པ། དུས་ཚོད་ལས་བརྒལ་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་ནུས་ལྡན་བྱུང་ཡོད། དེས་ན། བྱ་སྤྱོད་དེར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུའང་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།